དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་པར་དབར་གྱི་འབྲེལ་བ“རྫོགས་ལྡན་གྱི་ལོ་50”གསར་པར་སླེབས་རྒྱུར་སྣེ་ཁྲིད་བྱས་པ།

    —— ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ལ་པར་ཙིར་ལས་རིགས་ཁག་གི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  •     སྤེལ་དུས།  2024-11-21

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན། ལི་གཡོད་རེ་ནེ་ལུར་ཕེབས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི《ཧྲེང་པའོ་ལུའོ་ཚགས་པར》ཐོག་འགོ་བརྗོད་དུ《ས་ཐག་རིང་ཡང་མཛའ་བཤེས་ལས་དབང་གཅིག་ཏུ་སྦྲེལ། རླུང་གཡོར་མཉམ་དུ་བསྒྲེངས་ནས་མདུན་དུ་བསྐྱོད》ཅེས་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་པར་ཙིར་གྱི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཁས་ལེན་གང་ལེགས་གནང་བ་དང་། ཀྲུང་པར་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་དང་། ཀྲུང་པར་དབར་གྱི་གཉིས་ཕན་མཉམ་ལས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་། ཀྲུང་པར་མི་དམངས་ཀྱི་མཛའ་གྲོགས་རྨང་གཞི་བརྟན་གཏོང་། ཀྲུང་པར་དབར་གྱི་མཐུན་སྒྲིལ་རོགས་རེས་ཀྱི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ་བཅས་བྱེད་དགོས་ཞེས་བཏོན་ཡོད། དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ“རྫོགས་ལྡན་གྱི་ལོ་50”གསར་པར་སླེབས་རྒྱུར་སྣེ་ཁྲིད་བྱེད་ངེས་རེད་ཅེས་བརྗོད།

    “པར་ཀྲུང་གི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་བའི་གསོན་ཤུགས་གསར་པ་འཕེལ་བ”

    “ལོ་ངོ་200ལྷག་ཙམ་གོང་ཀྲུང་གོའི་ཇ་དང་། ཤིང་ཏོག་ལི་ཀྲི དྲི་ཞིམ་རྫས། རྫ་ཆས་སོགས་རྒྱ་མཚོ་ཆེན་པོ་བརྒྱུད་པར་ཙིར་དུ་བྲིན་ཚོང་བྱས་པས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་གི་འབྲེལ་ཟམ་བཙུགས་ཏེ་ཀྲུང་པར་དབར་གྱི་མི་དམངས་ཀྱི་མཛའ་གྲོགས་སྤེལ་རེས་ཀྱི་སྦྲེལ་ཐག་ལྟ་བུར་གྱུར་ཡོད” ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་ལོ་50ཡི་རིང་ཀྲུང་པར་དབར་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ནས་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ལ། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་ཕུལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་པོའི་མཉམ་ལས་གཉིས་ཁེ་དང་ལས་དབང་གཅིག་མཐུན་གྱི་མིག་དཔེ་བཏོད་ཡོད་ཅེས་འཁོད་ཡོད་པ་རེད།

    ཉེ་ཆར“ཀྲུང་པར་མཛའ་གྲོགས་གླིང”པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རྩི་ཤིང་གླིང་དུ་སྒོ་ཕྱེ་བ་དང་གླིང་ནང་ད་དུང“ཇའི་སྐོར་གྱི་ཤེས་བྱའི”རིག་གནས་འགྲེམས་སྟོན་བྱས་ཤིང་། “པར་ཀྲུང་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཇ་ལོ་ནི་པར་ཀྲུང་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཐག་ལྟ་བུ་རེད” བྱེད་སྒོའི་ཇུས་འགོད་པ་དང་པར་ཙིར་གྱི་ཉི་མའེ་ཡེ་ཞིབ་འཇུག་སུའོ་ཡི་རིག་གནས་སྤྱི་ཁྱབ་ལྟ་ཞིབ་པ་ཡ་ལི་ཧྲན་ཏེ་ལི·མུའུ་ལུའུ་ཆིས་གསར་འགོད་པར་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་པར་ཀྲུང་རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་ཐུབ་ངེས་རེད་ཅེས་བརྗོད།

    པར་ཙིར—ཀྲུང་གོའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁཱ་སི་ཐེ་ལུའོ·ནེ་ཝུའེ་སིས་པར་ཀྲུང་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ཕྱོགས་གཉིས་པོའི་འབྲེལ་བའི་གལ་ཆེའི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་ཞིང་ལས་དང་། གཏེར་ལས། ནུས་རྒྱུ་བཅས་ཀྱི་ཁྱབ་ཁོངས་ནས་ཚན་རྩལ་དང་བར་སྣང་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཆེར་ཕྱིན་ཡོད། “ལོ་50ཡི་རིང་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐྱོད་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་པར་ཀྲུང་དབར་གྱི་འབྲེལ་བའི‘རྫོགས་ལྡན་གྱི་ལོ་50’གསར་པར་ཐུན་མོང་ཐོག་འཆར་འགོད་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད།

    “ཀྲུང་གོས་འཛམ་གླིང་གི་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད” པར་ཙིར་གྱི་སྤྱི་ཚོགས་འཕེལ་རྒྱས་རོགས་སྐྱོབ་དང་དེ་བཞིན་ཁྱིམ་ཚང་དང་བཀྲེས་ལྟོགས་འགོག་རྒོལ་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཨའོ་སི་མར·རུའུ་ཉི་ཨོར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་པོའི་གནས་ལ་སྒྲོལ་བ་སོགས་ཀྱི་གནད་དོན་མང་པོའི་ཐད་རྒྱལ་ཁབ་གཉིས་པོར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཡོད་པས་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།

    “པར་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མཛའ་གྲོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་བསྒྲིལ་བ”

    “ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་བསྟུན་མཁས་དང་སློབ་སྦྱོང་དང་མིག་ལྟོས་མཐའ་འཁྱོངས་བྱས་ནས་ཟོལ་མེད་ཀྱི་སྙིང་ཉེའི་ཚོར་སྣང་དང་མཛེས་སྡུག་ལྡན་པའི་བྱ་བར་ཐུན་མོང་ཐོག་དོན་གཉེར་བྱེད་ས་ཡོད” ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང“ཉིན་དེ་དག་རིང་རང་ཉིད་ལ་པར་ཀྲུང་མཛའ་གྲོགས་མཐུན་ཚོགས་དང་། པར་ཙིར་སློབ་ཆེན་གྱི་དགེ་སློབ། ལི་གཡོད་རེ་ནེ་ལུའུ་ཡི་ཁོའོ་ཕ་ཁ་པ་ན་སའེ་རོལ་དབྱངས་ཚོགས་པ་སོགས་པར་ཙིར་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་བརྒྱ་ལྷག་ཙམ་གྱི་འཕྲིན་ཡིག་གཅིག་རྗེས་གཉིས་མཐུད་ངང་འབྱོར་བའི་ནང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་རེ་སྒུག་ཆེན་པོ་བྱེད་བཞིན་འདུག་པས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་འཁོད་ཡོད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོར་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས་པའི་སྐུལ་ལྕག་གཏོང་གནང་གི་ཡོད”པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་ཡི་ཁོའོ་ཕ་ཁ་པ་ན་སའེ་རོལ་ཆ་ཚོགས་པའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་མཱ་ཤིས་ཡཱ·མེར་ཅི་ཨོར་གྱིས་གསར་འགོད་པར་འབྱུང་འགྱུར་ང་ཚོས་སྤྲོ་སེམས་དེ་བས་ཆེ་བའི་སྒོ་ནས་རོལ་དབྱངས་སྦྲེལ་ཟམ་དུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ནས“པར་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མཛའ་གྲོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་བསྒྲིལ་གྱི་ཡིན”ཞེས་བརྗོད།

    པར་ཙིར་གྱི་ཧྲེང་པའོ་ལུའོ་ཀྲོའུ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་སྦྱོང་མྱོང་བའི་ཧྭ་ཀེ་ན·ལ་སེར་ཏ་ཉི་ཐེ་སིར་ཉིན་ཤས་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་ཞིང་། ཁོང་གིས་པར་ཀྲུང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མ་ཟད། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་བར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་ནང་པར་ཀྲུང་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པ་ཕན་ཚུན་མཉམ་འགུལ་སྤེལ་རེས་ཡང་ཡང་བྱེད་ཀྱི་ཡོད་པའི་སྐོར་བཀོད་གནང་བ་དེས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང” པར་ཙིར་གྱི《ཚོང་ལས་ལྟ་ཞིབ་ཚགས་པར》གྱི་ཧྲེ་ཀྲང་མཱ་ཁོའོ་སི·ཏེ་ཨའོ་ལི་ཝུའེ་ལ་ཡིས་བརྗོད། ཉེ་ཆར་ཏེ་ཨའོ་ལི་ཝུའེ་ལ་མི་དམངས་ཉིན་རེའི་ཚགས་པར་དང་པར་ཙིར་སྨྱན་སྦྱོར་གྱིས“ལག་གདང་སྦྲེལ་ནས་ཀྲུང་པར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས”ཞེས་པའི་མཉམ་འབྲེལ་བཅར་འདྲིར་ཞུགས་པ་རེད། ཁོང་གིས་མཉམ་འབྲེལ་བཅར་འདྲི་ནི་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དེས་སྨྱན་སྦྱོར་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། པར་ཀྲུང་དབར་གྱི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་ཐུབ་ཅེས་བརྗོད་པ་རེད།

    “‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’ཀྱི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ”

    པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་གནམ་བདག་ཆོས་ལུགས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་མཱ་སའེ་ལུའོ·ཅ་ཐ་སིས་ཀྲུང་གོར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་། པར་ཙིར་གྱིས“བཟོ་ལས་ཅན་གསར་པའི”འཐབ་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་ཚན་ཞིབ་མཉམ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་འཕྲད་ཡོད། རྒྱལ་ཁབ་གཉིས་པོའི་མཐོ་སློབ་ཀྱིས་སྤེལ་རེས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་དེ་བས་རྒྱ་ཁྱབ་བྱས་ཏེ་པར་ཀྲུང་གི་དངོས་སྒྲུབ་མཉམ་ལས་ལ་སྒུལ་ནུས་གསར་པ་སྦྱིན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    “པར་ཀྲུང་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་ངར་མྱོང་ཚོར་ཟབ་མོ་བྱུང” ལི་གཡོད་རེ་ནེ་ལུའུ་རྩི་ཤིང་གླིང་གི་ཡོན་ཀྲང་སེར་ཅི་ཨའོ·པེ་སེར་མན་གྱིས་པར་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་མི་དམངས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད། འབྱུང་འགྱུར་པར་ཀྲུང་གི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ངེས་རེད་ཅེས་བརྗོད་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་པར་ཙིར་དུ་འཚམས་འདྲིར་ཕེབས་པ་མ་ཟད། ད་དུང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལའང་ཞུགས་པ་རེད། “པར་ཙིར་དང་ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་ཀྱི་ཡོད” པར་ཙིར་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་པར་ཀྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨའེ་དབན་ཏེ་ལུའོ·ཁ་ཝ་ལུའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་བཏོན་གནང་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་ཡོད་ཅེས་བརྗོད་པ་རེད།

    པར་ཙིར་རིག་གནས་པུའི་པུའུ་ཀྲང་མེ་ནེ་སའེ་སིས་འདི་ག་ཚགས་པར་གྱི་གསར་འགོད་པར“‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’ཀྱི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་པའི་པར་ཙིར་དང་ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་ཐོག་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ་དང་ཐུན་མོང་ཐོག་རེ་འབོད་བྱེད་ཀྱི་ཡོད་པས‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’ཀྱི་སྟོབས་ཤུགས་སྔར་བས་ཆེ་རུ་འགྲོ་ངེས་རེད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།