བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུས་མཉམ་ལས་གྲོས་མཐུན་བཞག་པ།
ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོཌ་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ།
ཟླ་11ཚེས་18ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུས་ཧང་ཀྲོའུ་རུ་མཉམ་ལས་གྲོས་མཐུན་བཞག་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། དུས་འགོར་བརྟག་ཞིབ་དང་འབྲེལ་གཏུག་གང་ལེགས་བྱས་པ་བརྒྱུད། ཕྱོགས་གཉིས་པོས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཀྲེ་ཅང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་མཉམ་ལས་གཏིང་ཟབ་དང་གཉིས་ཕན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རིག་གནས་སྟོབས་ཆེའི་ལྗོངས་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།
མིང་རྟགས་འགོད་པའི་མཛད་སྒོར་ཕྱོགས་གཉིས་པོས“ལེཌ་ཆ་གསབ་རེས་དང་། གཉིས་ཁེ་གཉིས་ཕན། དངོས་སྒྲུབ་ཕན་ཆེ། ཐུན་མོང་འཕེལ་རྒྱས”བཅས་ཀྱི་རྩ་དོན་ལ་གཞིགས་ནས། ཀྲེ་ཅང་དང་བོད་ལྗོངས་ཀྱི་ཇུས་འདོན་ཚོགས་པའི་ལས་སྟེགས་དང་། ཤེས་ལྡན་མི་སྣ་འཛུགས་སྐྱོང་། སྨྱན་སྦྱོར་འཛུགས་སྐྱོང་། རིག་གནས་རིག་རྩལ་གསར་གཏོད། གྲངས་འཛིན་རིག་གནས་ཐོན་ལས་འཕེལ་རྒྱས། རིག་གནས་དར་རྒྱས། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། དྲ་ཐོག་དྲིལ་བསྒྲགས་དང་གླེང་ཕྱོགས་ཐག་གཅོད་བཅས་ཕྱོགས་བརྒྱད་ཀྱི་ཐད་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་པ་རེད།
མིང་རྟགས་འགོད་པའི་མཛད་སྒོར་ཕྱོགས་གཉིས་པོས་ད་དུང《ཐག་རིང་གི་འབུར་ལུག་གངས་རི》ཞེས་པའི་གློག་བརྙན་མཉམ་འབྲེལ་པར་ལེན་བྱ་རྒྱུའི་ཐད་གྲོས་མོལ་བྱས་ནས་མཉམ་ལས་ཀྱི་འདོད་མཐུན་བཞག་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་གྲས་གློག་བརྙན་ཞིག་ཡིན་པའི《ཐག་རིང་གི་འབུར་ལུག་གངས་རི》ཞེས་པ་དེ་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ་བོད་ལྗོངས་མཚོ་གཉིས་རྫོང་དུ་དངོས་སུ་བྱུང་བའི་གཏམ་རྒྱུད་ལ་ལེགས་སྒྲིག་བྱས་པ་ཞིག་ཡིན་ལ། ས་བབ་སྨི་5000ཡན་གྱི་ས་ཁུལ་དངོས་སུ་པར་ལེན་བྱ་རྒྱུ་རེད།