དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

    ​མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་16ཉིན་དཔེ་སྐྲུན་བྱས་པའི་དུས་དེབ《བདེན་འཚོལ》གྱི་འདོན་ཐེངས་22པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས》ཞེས་པ་བཀོད་ཡོད།

    རྩོམ་ཡིག་ནང་། རང་རྒྱལ་ནི་དུས་ཡུན་རིང་པོར་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་འབོར་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། ཕྱོགས་བསྡུས་ཀྱིས་ཞིབ་འཇུག་བརྡར་གཅོད་བྱས་པ་ལས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་འབོར་གྱི་ལོ་ནའི་གྲུབ་ཆར་འགྱུར་ལྡོག་འགྲོ་བ་དང་བསྟུན་ཏེ། རང་རྒྱལ་ནི་སྤྱིར་ན་མི་འབོར་གྱི་འཕར་ཚད་འཕར་བ་ནས་ཆག་པའི་དུས་མཚམས་སུ་སླེབས་ནས་མི་འབོར་འཕེལ་རྒྱས་འགྲོ་ཚུལ་ལས་བུ་ཉུང་བ་དང་། རྒན་རྒོན་མང་བ། ས་ཁོངས་ཀྱི་མི་འབོར་འཕར་ཆག་གཉིས་སུ་གྱེས་པ་སོགས་ཀྱི་མངོན་གསལ་དོད་པའི་འཕེལ་ཕྱོགས་ཀྱི་ཁྱད་ཆོས་མངོན་གྱི་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མི་འབོར་གྱི་ཁོར་ཡུག་དང་མཐུན་རྐྱེན་གསར་པ་འཕྲད་བཞིན་ཡོད་པས། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་དུས་བབ་གསར་པར་ངེས་པར་དུ་ཕྱོགས་ཡོངས་ནས་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་དགོས་པའི་ནན་བཤད་གནང་ཡོད།

    རྩོམ་ཡིག་ནང་། དུས་རབས་གསར་པའི་མི་འབོར་གྱི་ལས་དོན་ཡག་པོ་བསྒྲུབས་པར། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་ཡོང་བའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། དུས་རབས་གསར་པའི་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་འབོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་། འཚམ་མཐུན། སྣེ་ཁྲིད་བཅས་བྱེད་པ། མི་འབོར་ཧྲིལ་པོའི་བྱང་ཚད་མཐོ་རུ་འགྲོ་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བུ་བཙའི་ཆུ་ཚད་དང་མི་འབོར་གྱི་གཞི་ཁྱོན་རྒྱུན་འཁྱོངས་འོས་འཚམ་ཧུར་ཐག་ཡོང་བ་དང་སྤུས་ཚད་ལེགས་ཤིང་སྤྱི་འབོར་འདང་ངེས་ལྡན་པ་དང་། གྲུབ་ཆ་བཟང་སྒྲིག བཀོད་སྒྲིག་ལུགས་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་གང་མགྱོགས་བསྐྲུན་ཏེ་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས། དེའང་གཤམ་གསལ་གྱི་རྩ་དོན་དག་ཁོང་དུ་ཆུད་དགོས་པ་སྟེ། གཅིག་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་མ་ལག་གི་འདུ་ཤེས་ལ་བརྟེན་ནས་མི་འབོར་གྱི་གནད་དོན་ལ་སྤྱི་འདོམས་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནས་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་ཡིན་ཞེས་འཁོད་ཡོད།

    རྩོམ་ཡིག་ནང་། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཙོ་གནད་ལས་འགན་ལ་འདེགས་སྐྱོར་བྱེད་དགོས་པ་སྟེ། དང་པོ། སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་བྱེད་ཟབ་ཏུ་བཏང་ནས་མི་འབོར་གྱི་ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་། གཉིས་པ། བུ་བཙར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་པ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཧྲིལ་པོའི་ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་ནུས་ལྡན་ཆེ་རུ་གཏོང་དགོས། བཞི་པ། མི་འབོར་རྒན་རྒོན་མང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་ཧུར་ཐག་བསྟར་ཏེ། རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་བྱེད་རྒྱུ་ཡོད་པ། རྒས་དུས་སྤྲོ་སྣང་ལྡན་པ་བཅས་ཧུར་ཐག་ཡོང་བ་བྱེད་དགོས། ལྔ་པ། མི་འབོར་དེ་དཔལ་འབྱོར་དང་། སྤྱི་ཚོགས། ཐོན་ཁུངས་བཅས་ཀྱི་ཁོར་ཡུག་དང་འབྲེལ་རྒྱུར་སྔར་བས་སྤྱི་འདོམས་བྱས་ནས་མི་འབོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པ་བཅས་ཡིན་ཞེས་འཁོད་ཡོད།

    ད་དུང་རྩོམ་ཡིག་ནང་། དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་བསྒྲུབས་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། མི་འབོར་གྱི་བསྡོམས་རྩིས་དང་སྐབས་བསྟུན་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་འབོར་དང་བུ་བཙའ་འགན་སྲུང་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་འབོར་གྱི་རིགས་པའི་གཞུང་ལུགས་མ་ལག་ཅིག་གཏོད་དགོས། དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱས་ནས་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།