ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་སྐབས་སོ་བདུན་པ་ཡོངས་བསྒྲགས་བྱས་པ།
ཚེས་16ཉིན་གྱི་དགོང་མོར། ཧྥུའུ་ཅན་གྱི་ཞ་མོན་དུ་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་སྐབས་སོ་བདུན་པ་ཡོངས་བསྒྲཌ་བྱས་ཤིང་། 《དོན་ཚན་ཉི་ཤུ་པ》ལ་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་པ་དང་། ལེ་ཅ་དབྱིན་དང་ལི་ཀེང་ཞི་སོ་སོར་སྐྱེས་པའི་གཙོ་འཁྲབ་པ་རྩེ་གྲ་དང་བུད་མེད་ཀྱི་གཙོ་འཁྲབ་པ་རྩེ་གྲའི་བྱ་དགའ་ཐོབ་པ་རེད།
བུད་མེད་ཀྱི་གཙོ་འཁྲབ་པ་རྩེ་གྲའི་བྱ་དགའ་ཐོབ་པ་ཕུད། ལི་ཀེང་ཞིས་གཙོ་འཁྲབ་བྱས་པའི《ང་ཚོས་མཉམ་དུ་ཉི་མ་བསུ》ཞེས་པར་དུས་མཚུངས་སུ་འཁྲབ་གཞུང་སྒྲིག་རྩོམ་རྩེ་གྲའི་བྱ་དགའ་ཡང་ཐོབ་ཡོད། ཝང་ཞའོ་ལ《རུ་ཆེན་གསུམ་པ》ལ་བརྟེན་ནས་སྐྱེས་པའི་འཁྲབ་རོགས་རྩེ་གྲའི་བྱ་དགའ་དང་ལིའུ་ཏན་ལ《གྲུ་གཟིངས་བསྡད་ནས་སྐྱོད》ལ་བརྟེན་ནས་བུད་མེད་ཀྱི་འཁྲབ་རོགས་རྩེ་གྲའི་བྱ་དགའ་ཐོབ་པ་དང་། ཁྲེན་ཁའེ་ཀོ་ལ《དང་བླངས་དམག་གིས་ཕར་རྒོལ་བྱེད》ལ་བརྟེན་ནས་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ་པ་དང་དུས་མཚུངས་སུ་གློག་བརྙན་དེར་ད་དུང་དཔྱད་འདེམས་ཨུ་ལྷན་གྱི་དམིགས་བསལ་བྱ་དགའ་ཐོབ་ཡོད། 《འཛེམ་མེད་གཅིག་མཆོང》ལ་སྒྲིག་བཟོ་རྩེ་གྲའི་བྱ་དགའ་རག་ཡོད་པ་རེད།
《འབྲུག་སྐྱོང་བ》ལ་མཛེས་རྩལ་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་ཅིང་། ཀྲང་ཡུས་ཏི་ཡིས་འཁྲབ་ཁྲིད་བྱས་པའི《གཞོན་པའི་ཉམས་བཟང》ལ་འཁྲབ་ཁྲིད་པའི་བརྩམས་ཆོས་ཐོག་མ་རྩེ་གྲའི་བྱ་དགའ་དང་། 《རེ་བས་ཁེངས་པའི་ཉིན་མོ་ཞིག་ཡིན》ལ་མ་རྩ་འབྲིང་ཆུང་གི་གཏམ་རྒྱུད་གློག་བརྙན་རྩེ་གྲའི་བྱ་དགའ། 《ལི་སི་པོན་གྲུ་གཟིངས་ནུབ་པ》ལ་དངོས་མཚོན་ནམ་ཚན་རིག་སློབ་གསོའི་གློག་བརྙན་རྩེ་གྲའི་བྱ་དགའ། 《ཐོག་ཁའི་རྐང་རྩེད་སྤོ་ལོ》ལ་བྱིས་པའི་གློག་བརྙན་རྩེ་གྲའི་བྱ་དགའ། 《ཨན་གོའི་ལྕམ》ལ་ཟློས་གར་གློག་བརྙན་རྩེ་གྲའི་བྱ་དགའ། 《ཨའོ་པིན་ཧའེ་མོ》ལ་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ་བཅས་ཐོབ་ཡོད་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)