ར་འོག་གྲོང་རྡལ་གྱི“དྲ་ཐོག་མིང་ཅན་ཟ་ཁང”
ཉོན་དང་། ཁྲོན་བོད་གཞུང་ལམ་གྱི་གཏམ་རྒྱུད་ཤོད་བཞིན་འདུག
བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།
ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་དུ་སྐྱོད་སྐབས་རྒྱལ་ལམ་318གྲོང་རྡལ་གྱི་དཀྱིལ་ནས་བརྒྱུད་ཀྱི་ཡོད། ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་དེ་གར་ཡོང་སྐབས“དྲ་ཐོག་མིང་ཅན་ཟ་ཁང”དུ་གྲགས་པའི་གནས་མཆོག་ར་མོ་ཆེ་གསོལ་ཚིགས་ཁང་ནི་གཱ་ཐོ་འགོད་སའི་གྲས་ཤིག་རེད།
ཟླ་8པའི་ཟླ་སྨད་དུ། ང་ཚོ་འཕྲིན་སྤེལ་ཚོགས་ཆུང་ཡང་དེ་གར་བསྐྱོད་པ་ཡིན། འདུ་འཛི་ཆེ་བའི་ཕྱི་རོལ་གྱི་རྣམ་པ་དང་བསྡུར་ན་ཟ་ཁང་ནང་ཅུང་མི་འདྲ་བ་ཞིག་ནི། སྒེའུ་ཁུང་གི་ཤེལ་སྒོ་མང་པོ་ཞིག་གི་སྟེང་འབྱོར་ཐོ་འགོད་པའི་གཱ་སྣ་ཚོགས་དང་། ལན་འཇོག་ཤོག་བྱང་། རླངས་འཁོར་རུ་ཁག་གི་མཚོན་རྟགས་བཅས་མང་པོ་སྦྱར་ཡོད་པ་དང་། གྱང་ངོས་དང་ཀ་བའི་ཐོག་ཏུའང་ཡུལ་སྐོར་བས་དྲན་འཆར་སྣ་ཚོགས་བྲིས་འདུག
ཟ་ཁང་གི་སྦྱིན་བདག་ནི་ལོ་86ལ་སླེབས་པའི་ཤང་ཀོང་མིང་ཡིན་ཞིང་། ཚང་མས་ཁོང་ལ་ཨ་ཁུ་འོད་ཟེར་ཞེས་འབོད་ཀྱི་ཡོད། ཨ་ཁུ་འོད་ཟེར་ནི་སི་ཁྲོན་དཀར་མཛེས་སྡེ་དགེ་ནས་ཡིན་པ་དང་། བོད་དུ་ལས་ཀ་ལོ་མང་བྱེད་མྱོང་བ་མ་ཟད། དེ་སྔ་དམག་སྡེ་བཅོ་བརྒྱད་པར་ཞུགས་ནས་ཁྲོན་བོད་གཞུང་ལམ་བཟོ་བའི་ནང་དུའང་ཞུགས་མྱོང་ཡོད། 1986ལོར་རྒན་ཡོལ་ཞུས་རྗེས་དཔའ་ཤོད་རྫོང་དུ་གཞིས་ཆགས་བྱས། ཟ་ཁང་དེའི་ནང་གི་སྐུ་མགྲོན་མང་ཆེ་བས་ཁོང་ངོ་ཤེས་པ་དང་། སྐུ་མགྲོན་མང་པོས་ཁོང་འབོད་རིམ་བཞིན་ཁོང་གིས་ཚང་མར་ཁྲོན་བོད་གཞུང་ལམ་སྐོར་གྱི་གཏམ་རྒྱུད་ཤོད་ཀྱི་ཡོད།
“ལོ་70ཡི་གོང་། ཆ་རྐྱེན་ཧ་ཅང་ཞན་པོ་རེད། འཐབ་འཛིང་པ་ཚོ་དགུན་ཁ་གྲང་ངར་ཆེ་བས་ལག་པ་འཁྱགས་སྦོས་ཐེབས་པ་དང་། ལམ་བཟོའི་ཐོ་བ་དང་ལྕགས་ཧྲེང་ངོས་སུ་ཁྲག་གིས་འཚོས་ཡོད”
“ངའི་པཱ་ལགས་ནི་ཁྲོན་བོད་གཞུང་ལམ་གྱི་གཞུང་ལམ་བདག་སྐྱོང་བ་ཁག་དང་པོའི་གྲས་རེད”
ཨ་ཁུ་འོད་ཟེར་གྱི་གཏམ་རྒྱུད་ཚང་མ་ནི་ཁྲོན་བོད་གཞུང་ལམ་གྱི་སྐོར་ཤ་སྟག་ཡིན་པ་སྟེ། དུས་རབས་གོང་མའི་ལོ་རབས་50པར་ལམ་བསྐྲུན་པ་དང་ལམ་བདག་སྐྱོང་བྱེད་པ་དང་། ལོ་རབས་60པར་སྣུར་སྲིང་ལམ་བུ་བཟོ་བ། དེ་ནས་རྒྱལ་ལམ་318རྒྱ་སྐྱེད་དང་མཁྲེགས་སུ་གཏོང་བ་བཅས་ལོ་70ལྷག་ཙམ་རིང་གི་འདས་དོན་མང་པོ་ཆུ་རྒྱུག་རྒྱུག་ཤོད་རྒྱུ་ཡོད་པས་ཡིད་དབང་འཕྲོག་པ་ཞིག་ཡོད།
“ཨ་ཁུ་འོད་ཟེར་གྱིས་བརྩེ་བ་ཟབ་མོས་འདས་དོན་སྐོར་གླེང་སྐབས་སྐུ་མགྲོན་ཁག་གཅིག་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་ཡང་ཤོར་ཡོད”ཁ་ལོ་བ་ཧྥན་ལགས་རྟག་ཏུ་རྒྱལ་ལམ་318བརྒྱུད་སྐབས་ཟ་ཁང་དེར་ངལ་གསོ་བཞིན་ཁ་ལག་ཟ་གི་ཡོད་པས་ཨ་ཁུ་འོད་ཟེར་དང་ངོ་ཤེས་རྙིང་པར་གྱུར་ཡོད། ཁ་ལོ་བ་ཧྥན་ལགས་ཀྱིས་ཨ་ཁུ་འོད་ཟེར་དང་ཁོང་གི་ཟ་ཁང་ནི་ཁྲོན་བོད་གཞུང་ལམ་གྱི་ལོ་རྒྱུས་ཀྱི་མཚོན་རྟགས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་འཁོར་གཏོང་ཡུལ་སྐོར་དང་། རྐང་འཁོར་བཞོན་པ། རྐང་ཐང་མར་སྐྱོད་པ་བཅས་ཡུལ་སྐོར་བ་རྒྱལ་ལམ་318བརྒྱུད་བོད་དུ་ཡོང་མཁན་མང་དུ་ཕྱིན་ཡོད། ཟ་ཁང་གི་མ་བྱན་ཆུང་བདག་གིས“ཟ་ཁང་དུ་སྒྲོག་ཙེ་14ཡོད་པ་དང་མི་མང་དུས་སྡོད་ས་སྟོང་པ་གཅིག་ཀྱང་ལྷག་གི་མེད”ཅེས་བཤད། ཨ་ཁུ་འོད་ཟེར་དང་ཁྲོན་བོད་གཞུང་ལམ་གྱི་འདས་དོན་སྐོར་ཉན་རྒྱུར་ཚང་མས་དགའ་པོ་བྱེད་ཀྱི་ཡོད།
གཏམ་རྒྱུད་ཀྱི་མི་སྣ་གཙོ་བོ་ཨ་ཁུ་འོད་ཟེར་གྱིས་འདས་དོན་སྐོར་ཡང་སྙིང་ཐེངས་ག་ཚོད་བཤད་ཡོད་མེད་གཏན་ནས་ངེས་ཀྱི་མེད། “ཚང་མས་ཉན་འདོད་ཡོད་ན་ངས་མུ་མཐུད་ཤོད་ཀྱི་ཡིན”
ཁྲོན་བོད་གཞུང་ལམ་དང་ལས་དབང་གཅིག་ཏུ་སྦྲེལ་བ།
གསར་འགོད་པའི་ཟིན་བྲིས།
ཨ་ཁུ་འོད་ཟེར་ནི་སེམས་རྩ་འཁོལ་བ་དང་། སེམས་པ་བཟང་བ། དྲིན་ཚོར་མཁན་ཞིག་རེད། ཁོང་གིས་ཟ་ཁང་རྒྱལ་ལམ་318རྒྱུད་ཀྱི་ར་འོག་གྲོང་རྡལ་དུ་བཙུགས་ནས་ལོ་བཅུ་ཕྲག་ཁ་ཤས་རིང་ལམ་འདིའི་སྐོར་གླེང་དོན་ནི་ཁོང་དང་ཁོང་གི་ནང་མི་དང་དམག་སྡེ་བཅོ་བརྒྱད་པ་དང་ཁྲོན་བོད་གཞུང་ལམ་དབར་མི་སེམས་འགུལ་བའི་ལས་འཕྲོ་ཡོད་པའི་རྐྱེན་གྱིས་རེད།
1951ལོའི་ལོ་མཇུག་ཏུ་ལོ་ན་ཕྲ་བའི་འོད་ཟེར་ལ་ཁྲོན་བོད་གཞུང་ལམ་སྐྲུན་མཁན་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ངོ་ཤེས་པ་དང་། སྐབས་དེ་དུས་ཁོང་གི་ཨ་ཕར་ནད་གཞི་ལྕི་པོ་ཕོག་ཀྱང་སྨན་པ་དང་སྨན་དཀོན་པའི་གནས་ཚུལ་འོག་ནང་མི་ཚང་མ་སེམས་སྡུག་གི་གནས་སུ་གྱར་བ་ལས་ཐབས་ཤེས་གཞན་གང་ཡང་མ་རྙེད། འོད་ཟེར་གྱིས་གནས་ཚུལ་དེ་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོར་བཤད། བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་ཤས་སོང་རྗེས། འཐབ་འཛིང་པ་ཞིག་གིས་དམག་མིའི་སྨན་པ་ཞིག་ཁྲིད་ནས་ཁོང་ལ་སྨན་བཅོས་བྱེད་པར་ཡོང་། སྨན་བཅོས་གང་ཙམ་བྱས་པ་བརྒྱུད་འོད་ཟེར་གྱི་ཕའི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་ཡོད། སྐབས་དེ་དུས་བཅིངས་འགྲོལ་དམག་ལ་བོད་རྒྱ་སྐད་གཉིས་ཤེས་མཁན་ཧ་ཅང་མཁོ་པོ་ཡོད་ཅིང་། འོད་ཟེར་གྱི་ཨ་ཕ་ཆ་རྐྱེན་དང་མཐུན་ནས་དམག་དཔུང་ནང་ཞུགས་ཐུབ་པ་དང་། ལོ་ན་གཞོན་པའི་འོད་ཟེར་ཡང་ཕའི་རྗེས་སུ་འབྲངས་ནས“བྱིས་པ་དམག་མི”ཞིག་ཏུ་གྱུར་ནས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པའི་ལམ་བཟོ་ཟམ་སྐྲུན་གྱི་དཀའ་ཚེགས་མིག་མཐོང་ལག་ཟིན་བྱུང་ཡོད། 1954ལོའི་ཟླ་8པར་འོད་ཟེར་ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་གསོ་དང་ལེན་ལ་མངགས་པ་དང་1959ལོར་བོད་དུ་ལོག་ནས་ལས་ཀར་ཞུགས། 1962ལོར་ཁོང་གིས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱལ་ལམ་318ཀྱི་གཞིས་རྩེ་ནས་གཉའ་ལམ་བར་གྱི་ལམ་དུམ་འཛུགས་སྐྲུན་ལ་ཞུགས།
བཅར་འདྲི་བྱེད་རིང་ཨ་ཁུ་འོད་ཟེར་གྱིས“ངའི་མི་ཚེ་འདིར་ཁྲོན་བོད་གཞུང་ལམ་ལ་བརྩེ་བ་ཟབ་མོ་འཆང་གི་ཡོད། གཞུང་ལམ་འགྲམ་ནས་དམག་སྡེ་བཅོ་བརྒྱད་པ་དང་འཕྲད་པ་ནས་བཟུང་ངའི་ལས་དབང་ལ་འགྱུར་ལྡོག་ཕྱིན་སོང་། ངས་ཁྲོན་བོད་གཞུང་ལམ་གྱི་གཏམ་རྒྱུད་མུ་མཐུད་ཤོད་ཀྱི་ཡིན”ཞེས་ང་ཚོར་བཤད་བྱུང་།