དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནུབ་ཁའི་མཚམས་སྤྲིན་དམར་མདངས་ལྷག་པར་ཆེ།

    —— ཉིང་ཁྲི་གྲོང་ཁྱེར་གྱིས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    འདི་ནི་ཉིང་ཁྲི་གྲོང་ཁྱེར་གློག་ཤུགས་ལས་དོན་པས་ས་གནས་དེ་གའི་རྒན་རྒོན་ཚོར་གློག་མི་འཁྱུད་པ་དང་གློག་སྤྱོད་སྟངས་སློབ་བཞིན་པ། 

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་དང་། རྒན་རྒོན་ཚོགས་སྤྱིའི་རྒན་གསོའི་དགོས་མཁོར་དམིགས་ཏེ། “སྲིད་གཞུང་དང་སྤྱི་ཚོགས”དང“གནས་དང་ཞབས་ཞུ”ཟུང་དུ་འབྲེལ་བའི་རྒན་གསོའི་བྱེད་ཐབས་ཧུར་ཐག་བཏོད་པར། དམིགས་བསལ་དཀའ་ངལ་ཡོད་པའི་སྒྲིག་གཞི་གཙོ་བོར་བྱེད་པ་དང་། ཁྱིམ་སྡོད་དང་སྡེ་ཁུལ(ཉིན་མོའི་ལྟ་སྐྱོང)གཙོ་གནད་དུ་བྱེད་པ། གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར(རྒན་གསོའི་ཞབས་ཞུའི་ས་ཚིགས)རྨང་གཞིར་བྱེད་པ། སྨན་བཅོས་དང་ལུས་གསོ་བཅས་ཟུང་དུ་འབྲེལ་བའི་རྒན་གསོའི་ཞབས་ཞུའི་མ་ལག་རགས་ཙམ་ཆགས་པ་དང་། ཐ་སྐྱོང་རྣམ་པ་དང་ཀུན་ཕན་རྣམ་པའི་རྒན་གསོའི་ཞབས་ཞུ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒན་རྒོན་ཚོར་དྲོ་སྐྱིད་ལྡན་པའི་གནས་མལ་ཞིག་བསྐྲུན་ཏེ། ནུབ་ཁའི་མཚམས་སྤྲིན་ལྟ་བུའི་རྒན་རྒོན་གྱི་འཚོ་བར་ཁ་དོག་དང་བཀྲག་མདངས་གསར་པ་ཞིག་བསྣན་ཡོད་པ་རེད། 

    ཀོང་པོ་རྒྱ་མདའ་རྫོང་། 

    གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་ནས“བདེ་སྐྱིད་མེ་ཏོག”བཞད་པ། 

    ཐའེ་ཀྲའོ་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཁག་གཅིག་སྐུལ་སློང་དང་སྣེ་ཁྲིད་དེ་རྒན་རྒོན་ལ་རེས་མོས་ངང་ཞབས་འདེགས་ཞུ་བ་དང་། བདེ་སྐྱིད་སྒོ་ར་སྒོ་ཕྱེ་ནས་རྒན་རྒོན་རྣམས་དེ་གར་དགའ་འཛོམས་དང་ཞབས་ཞུ་སྣ་ཚོགས་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡོད། ད་ལོའི་ལོ་སྟོད་དུ་ཐའེ་ཀྲའོ་གྲོང་ཚོའི་བདེ་སྐྱིད་སྒོ་ར་རང་སྐྱོང་ལྗོངས་ཀྱི“སྐར་གསུམ་རིམ་པའི”རྒན་གསོའི་ཞབས་ཞུའི་སྒྲིག་གཞི་ཁག་དང་པོར་བདམས་པ་རེད། 

    2023ལོ་ནས་བཟུང་། ཐའེ་ཀྲའོ་གྲོང་ཚོས་ཞབས་ཞུའི་ཁྱབ་ཁོངས་མང་དུ་བཏང་སྟེ་གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་དེ་རྒན་རྒོན་ཚོར་ཕྱོགས་ཡོངས་དང་། སྤུས་ཚད་མཐོ་བའི་ངལ་གསོ། སྤྲོ་གསེང་། རོལ་རྩེད་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཉིན་མོའི་ལྟ་སྐྱོང་དང་ཞབས་འདེགས་ཞུ་སའི་སྤྱི་ཕན་རང་བཞིན་གྱི་ས་ཚིགས་ཤིག་ཏུ་བསྒྱུར་བ་དང་། “མ་འཇོག་ཉུང་ངུའི”ཐོག་ནས་གྲོང་ཚོའི་རྒན་རྒོན་ཚོར་ཁ་ལག་ཚ་པོ་ཟ་ཐུབ་པ་དང་། ནད་གཞི་ཆུང་ངུ་གྲོང་ཚོ་ནས་བཅོས་ཐུབ་པ། རིག་གནས་རོལ་རྩེད་བྱེད་སྒོ་མི་ཆད་པ་བཅས་ཀྱི“ཕན་འབྲས་ཆེན་པོ”ཐོན་པར་བྱས་ཡོད། 

    གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་བཙུགས་པ་ནས་བཟུང་། ཤང་འཕྲོད་བསྟེན་ཁང་དང་མཉམ་དུ“སྨན་བཅོས་དང་རྒན་གསོ་ཟུང་འབྲེལ”གྱི་ཞབས་འདེགས་ཞུ་ཐབས་བཏོད་དེ། གྲོང་ཚོའི་སྨན་པ་གཉིས་ག་དུས་བོས་ཀྱང་འབྱོར་ཐུབ་པ་དང་། ཤང་འཕྲོད་བསྟེན་ཁང་གི་ལས་དོན་པས་ཟླ་བ་མི་རེ་ངོ་རེར་རྒན་རྒོན་ཚོའི་གཟུགས་པོར་བརྟག་དཔྱད་དང་། རྒྱུན་དུ་ལུས་པོ་གསོ་སྟངས་བསླབས་ཏེ་རྒན་རྒོན་ཚོའི་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་བཏང་བར། རྒན་རྒོན་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། 

    བགྲེས་སོང་བློ་བཟང་ཚེ་རིང་གིས་དགའ་ཚོར་ཆེན་པོས“སྨན་རིན་མེད་པར་སྨན་བཅོས་དང་། སྐྱེས་སྐར་གཏོང་བ། དུས་ཆེན་སྐབས་ལག་རྟགས་སྤྲོད་པའི་ཁར། ད་དུང་ལྟོ་རིན་དང་ཇ་རིན་ཕྱེད་ཀ་ལས་སྤྲོད་དགོས་མེད་པས། བདེ་སྐྱིད་སྒོ་རར་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་པོ་ཡིན་ཨང་སྙམ་གྱི་འདུག”ཅེས་བརྗོད། 

    བྲག་ཡིབ་ཆུས། 

    རྒན་རྒོན་གྱི་ཟ་ཁང་ནས“འཚོ་བཅུད་ཟས་རིགས”ལོངས་སྤྱོད་ཐུབ་པ། 

    ད་ལོའི་ཟླ་3པར། བྲག་ཡིབ་ཆུས་ཨུད་རྩ་འཛུགས་པུའུ་དང་བུ་ཆུ་ཤང་ཏང་ཨུད་སྲིད་གཞུང་གི་རོགས་རམ་འོག རྡོ་སྟེང་གྲོང་ཚོས་སྟོང་པར་ལུས་པའི་སྤྱི་པའི་སྡོད་ཁང་ལ་མཛེས་བཟོ་བྱས་ནས་ད་ཆའི་རྒན་རྒོན་གྱི་ཟ་ཁང་བསྐྲུན་ཏེ་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན་ཡོད། 

    ད་ཆ་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་རེས་མོས་བྱས་ཏེ་རྒན་རྒོན་ཚོའི་ཉིན་གཅིག་གི་ལྟོ་དུས་གསུམ་འགན་ལེན་བྱེད་བཞིན་ཡོད་པས། རྒན་རྒོན་རྣམས་དེ་གར་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་ཐུབ་པ་བྱུང་ཡོད། 

    སྣང་རྫོང་། 

    ཁྱིམ་སྡོད་ཞབས་ཞུས་རྒན་རྒོན་ཚོར་སྤྲོ་སྣང་སྦྱིན་པ། 

    ད་ལོའི་ཟླ་8པར། སྣང་རྫོང་གིས་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཤིང་། བོད་ཀྱི་བཀྲག་མདངས་འཚེར་སའི་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས་ཀྱི་ལྟ་སྐྱོང་བ་28ཀྱིས་རྒན་རྒོན་གྱི་འཚོ་བར་ལྟ་རྟོག་དང་། འཕྲོད་བསྟེན་གཙང་སྦྲ། དམངས་ཕན་ཉམས་བཟོ། སྨན་བཅོས་འཕྲོད་སྦྱོར། ལས་དོན་ཚབ་སྒྲུབ། བཅའ་ཁྲིམས་རོགས་སྐྱོར། ཐག་ཐུང་སྐྱེལ་བསུ་སོགས་རྒྱུན་གཏན་གྱི་ཁྱིམ་སྡོད་ཞབས་འདེགས་ཞུ་བཞིན་ཡོད་པར། ལོ་60ཡན་གྱི་རྒན་རྒོན་ཚོ་ཕྱིར་དོན་མི་དགོས་པར་དེ་བས་ལེགས་ལ་སྟབས་བདེ་བའི་རྒན་གསོའི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། 

    དེ་དང་ཆབས་ཅིག དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ལ་དམིགས་ཏེ་སྣང་རྫོང་གིས་དུད་ཚང་དུ་གནས་ཚུལ་མཐིལ་རྟོགས་དང་དུད་ཚང་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱ་ཐབས་སྤྱད་པ་དང་། རྒན་རྒོན་གྱི་གཟུགས་པོའི་ཁྱད་ཆོས་དང་འཚོ་བའི་གོམས་གཤིས་དང་འཚམ་པའི་བྱེད་ཐབས་ལག་ལེན་བསྟར་ནས། ཁྱིམ་ཚང་མང་པོའི་རྒན་གསོའི་དཀའ་ངལ་བསལ་ཡོད། 

    སྣང་གྲོང་རྡལ་སྟོད་པ་ཐང་གྲོང་ཚོའི་བགྲེས་སོང་ཚེ་རིང་སྒྲོལ་མ་རྒྱུན་དུ་སྐེད་ཚིགས་ན་ནས་ནང་ལས་བྱེད་ཐུབ་ཀྱི་མེད་སྟབས། སྣང་རྫོང་དམངས་སྲིད་ཅུས་ཀྱིས་ཁོང་གི་གཟུགས་པོའི་རིང་ཐུང་ལ་གཞིགས་ཏེ་ཚེ་རིང་སྒྲོལ་མར་ཁྲུས་གཞོང་དང་ཐབ་གསར་པ་བསྐྲུན་པ་མ་ཟད། ཆུ་ཀ་ལ་ཁྲིད་པས་ཁོང་གི་འཚོ་བར་སྟབས་བདེ་ཆེན་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།