དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ད་ལོའི་ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་ལྷ་སར་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20






    ཉེ་ཆར། ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་བས“ང་ཚོའི་གྲོགས་པོ་རྙིང་པ་ལོག་སླེབས་སོང”ཞེས་གསར་འགོད་པར་བཤད། དེ་ཐོག་ནས་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་དུས་ཚོད་ཤར་བ་ཤེས་ཐུབ།

    ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་གི་ས་མཐོ་ཁོ་ནར་འཚོ་སྡོད་དང་སྐྱེ་འཕེལ་བྱེད་པའི་ཁྲུང་ཁྲུང་གི་རིགས་ཤིག་རེད། ལོ་རེའི་ཟླ་10པའི་ཟླ་སྨད་དུ་ཁྲུང་ཁྲུང་དེ་དག་ཁྱུ་དང་ཁྱུ་བྱས་ཏེ་ལེ་དབར་སྟོང་གིས་ཆོད་པའི་ས་ཆ་གཞན་ནས་དགུན་སྒྲོལ་ལ་ཡོང་གི་ཡོད། ལ་ཀླུང་སྟོང་ཕྲག་བརྒལ་ནས་བོད་ཀྱི་འདམ་ར་དང་། རྩྭ་ཐང་། ཞིང་ཐང་སོགས་སུ་དྲོད་འཇམ་ཉི་འོད་ལ་རོལ་བ་དང་རྒུམ་བུ་བཙལ་ཏེ་ཚེ་སྲོག་གི་རྒྱུན་སྐྱོང་གི་ཡོད།

    ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་བ་དོན་གྲུབ་ཚེ་རིང་གིས། གྲོགས་པོ་རྙིང་པ་འདི་དག་གི་དགུན་སྒྲོལ་ས་ཆར་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད། ད་ནས་ཟླ་བཞི་ལྷག་ཙམ་རིང་། སྲུང་སྐྱོང་ཁུལ་དུ་སྡོད་བྱ་བཀོད་སྒྲིག་གིས་རྐང་ཐང་མར་ཁྲུང་ཁྲུང་སྐེ་ནག་ལ་པར་རྒྱག་པ་དང་ལྟ་བར་ཡོང་མཁན་རྣམས་ལ་ལྟ་འདོམས་ནན་པོ་བྱས་ཏེ་ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་དཀྲོག་པ་དང་ས་ཆར་སྦགས་བཙོག་ཐེབས་པ་སོགས་ཉུང་དུ་གཏོང་བ་དང་། སྐོར་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲུང་ཁྲུང་སྐེ་ནག་ལ་དགུན་སྒྲོལ་གྱི་འཚོ་སྡོད་ཁོར་ཡུག་བཟང་པོ་ཞིག་སྐྲུན་པ། ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲུང་ཁྲུང་སྐེ་ནག་གི་རིགས་ཁྱུའི་གནས་ཚུལ་དང་འཚོ་སྡོད་འགུལ་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ལེགས་པར་བྱས་ནས། ཁྲུང་ཁྲུང་སྐེ་ནག་བདེ་འཇགས་དང་སྐྱོན་བྲལ་ངང་དགུན་སྒྲོལ་ཐུབ་པར་འགན་ལེན་བྱེད་དགོས་ཀྱི་ཡོད་ཅེས་བཤད།

    སྲུང་སྐྱོང་ལས་དོན་ཟམ་མི་ཆད་པར་སྤེལ་བ་དང་བསྟུན་ནས། བོད་དུ་དགུན་སྒྲོལ་ལ་ཡོང་བའི་ཁྲུང་ཁྲུང་སྐེ་ནག་གི་རིགས་ཁྱུའི་གྲངས་འབོར་རིམ་བཞིན་བརྟན་དུ་སོང་བ་མ་ཟད་མང་དུའང་ཕྱིན་ཡོད། དེ་ནི་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ཙམ་མ་ཟད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།