ཞི་ཅིན་ཕིང་གིས་ལི་མར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་འཛོམས་གནང་བ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་འཛོམས་གནང་བཞིན་པ།
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མར་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་ཞལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་4ཡི་ནང་མ་གཞི་ཀྲུང་ཨའི་འབྲེལ་བར་འགྱུར་ལྡོག་བྱུང་མོད། འོན་ཀྱང་སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་པས་སྤྱི་ཡོངས་ནས་བརྟན་པོ་བྱུང་ཡོད། ང་ཚོས་ཕྱོགས་གཉིས་པོའི་ཚོགས་པར་མཛུབ་ཁྲིད་བྱས་ཏེ་གྲོས་མོལ་བྱས་པ་བརྒྱུད། ཀྲུང་ཨའི་འབྲེལ་བའི་མཛུབ་ཁྲིད་ཀྱི་རྩ་དོན་ཁག་གཅིག་གཏན་འཁེལ་བྱུང་ནས། རྒྱལ་ཁབ་གཉིས་པོའི་དབར་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་རྒྱུ་དེ་བསྐྱར་དུ་ཡང་དག་པའི་འཁོར་ལམ་ཐོག་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། འབྲེལ་མཐུད་ལམ་སྲོལ་ཁག་20ལྷག་ཙམ་སླར་གསོ་དང་གསར་འཛུགས་བྱས་པས་ཕྱི་འབྲེལ་དང་། བདེ་འཇགས། དཔལ་འབྱོར་ཚོང་དོན། ནོར་སྲིད། དངུལ་རྩ། དམག་དཔུང་། དུག་འགོག ཁྲིམས་སྒྱུར། ཞིང་ལས། གནམ་གཤིས་འགྱུར་ལྡོག མི་ཆོས་རིག་གནས་སོགས་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
འདས་ཟིན་པའི་ལོ་4ཡི་ཉམས་མྱོང་ནི་ཕྱོགས་བསྡོམས་བྱེད་རིན་ཡོད་པ་དང་བློ་འབྱེད་ནི་སེམས་ལ་ངེས་དགོས་པ་ཞིག་ཡོད། ངས་བལྟས་ན་ཉུང་མཐར་ཡང་གཤམ་གསལ་གྱི་དོན་ཚན་འགའ་ཡོད་པ་སྟེ།
གཅིག་ནས་འཐབ་ཇུས་ཀྱི་ངོས་འཛིན་ཡང་དག་ཡོད་དགོས། “ཤིའུ་ཞི་ཏི་ཏེའི་རྒྱ་རྙི”ནི་ལོ་རྒྱུས་ཀྱི་ལས་དབང་མིན་པས། “འཇམ་འཐབ་གསར་པ”རྒྱག་མི་རུང་ལ་བརྒྱབ་ཀྱང་རྒྱལ་ཁ་ཐོབ་མི་སྲིད། ཀྲུང་གོར་བཀག་འགོག་བྱེད་པ་དེ་བློ་གྲོས་ལྡན་པའི་བྱེད་སྟངས་དང་དང་ལེན་འོས་པ་ཞིག་མིན་ལ། ལམ་ལྷོངས་དེ་བས་ཀྱང་ཡོང་མི་སྲིད།
གཉིས་ནས་གང་བཤད་ཚིག་ལ་གནས་པ་དང་གང་བྱས་དོན་ལ་འཁྱོལ་བ་བྱེད་དགོས། མི་ལ་ཡིད་རྟོན་མེད་ན་ཚུགས་མི་ཐུབ།
ཀྲུང་གོ་ཕྱོགས་ཀྱིས་ཁ་བཤད་ལག་ལེན་བསྟར་གྱི་ཡོད། འོན་ཀྱང་གལ་ཏེ་ཨ་རི་ཕྱོགས་ཀྱིས་རྟག་ཏུ་ཁ་བཤད་དང་ལག་ལེན་རྒྱབ་འགལ་བྱས་ཚེ་ཨ་རིའི་གཟུགས་བརྙན་ལ་ཕན་ཐོགས་མེད་ལ། ཕྱོགས་གཉིས་པོའི་དབར་གྱི་ཡིད་རྟོན་ལའང་གནོད་ཀྱི་རེད།
གསུམ་ནས་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས། ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་འགྲོ་འོང་བྱེད་སྐབས། ཕྱོགས་གང་ཞིག་གིས་ཀྱང་རང་ཉིད་ཀྱི་འདོད་མོས་ལྟར་ཕར་ཕྱོགས་ལ་བསྒྱུར་བཀོད་གཏོང་མི་རུང་བ་དང“སྟོབས་ཤུགས་དང་གནས་བབ”ཟེར་བར་ཁ་གཡར་ནས་ཕར་ཕྱོགས་ལ་མགོ་གནོན་ཡང་བྱེད་མི་རུང་ལ། སོ་སོའི་རྒྱལ་ཁབ་ཀྱི་སྔོན་ཐོབ་གནས་བབ་རྒྱུན་འཁྱོངས་བྱ་ཆེད་ཕར་ཕྱོགས་ཀྱི་ལུགས་མཐུན་གྱི་འཕེལ་རྒྱས་དབང་ཆ་བཙན་འཕྲོག་དེ་བས་ཀྱང་བྱེད་མི་རུང་།
བཞི་ནས་དམར་ཐིག་དང་མཐའ་ཚད་ལ་འགྲན་སློང་བྱེད་མི་རུང་། ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། འགལ་ཟླ་དང་མི་མཐུན་པ་ཁག་གཅིག་ཡོང་སྲིད་པ་ནི་ལྡོག་ཏུ་མེད་པ་ཞིག་རེད། འོན་ཀྱང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་ལ། གདོང་གཏུག་དང་ཁ་གཏད་དུ་དེ་བས་ཀྱང་ལངས་མི་ཉན། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པས་ངེས་པར་དུ་ནན་སྲུང་བྱེད་དགོས། ཐའེ་དབན་གྱི་གནད་དོན་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། འགྲོ་ལམ་དང་ལམ་ལུགས། འཕེལ་རྒྱས་ཀྱི་དབང་ཆ་བཅས་ནི་ཀྲུང་གོ་ཕྱོགས་ཀྱི་དམར་ཐིག་བཞི་ཡིན་པས་དེར་འགྲན་སློང་གཏན་ནས་བྱེད་མི་རུང་། འདི་དག་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་འགོག་སྲུང་ར་བ་དང་བདེ་འཇགས་དྲ་བ་གལ་ཆེ་ཤོས་རེད།
ལྔ་ནས་སྐད་ཆ་ཤོད་རེས་དང་མཉམ་ལས་མང་ཙམ་བྱེད་དགོས། མིག་སྔའི་དུས་བབ་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ཉུང་དུ་ཕྱིན་མེད་པར་དེ་ལས་མང་དུ་སོང་ཡོད། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། དུག་འགོག ཁྲིམས་སྒྱུར། སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་སམ། ཡང་ན། གནམ་གཤིས་འགྱུར་ལྡོག་དང་མི་ཐབས་རིག་ནུས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་གླེང་མང་བའི་གནད་དོན་བཅས་གང་ཞིག་ཡིན་ཡང་ཀྲུང་ཨ་མཉམ་ལས་བྱེད་དགོས་ཀྱི་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་མཉམ་ལས་བྱེད་རྒྱ་ཆེ་རུ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་ལས་གཉིས་ཕན་ཡོང་བ་བྱེད་དགོས།
དྲུག་ནས་མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་དགོས། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩར་དམིགས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། ཀྲུང་ཨ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཏེ་འགོག་རྐྱེན་དང་འགལ་རྐྱེན་སེལ་དགོས།
བདུན་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་གཞིག་བྱས་ནས་འཛམ་གླིང་ཞི་བདེ་ཡོང་བར་འགན་འཁྲི་འཁུར་བ་དང་། གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་པ། འཛམ་གླིང་མཐུན་སྒྲིལ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་པ་བཅས་བྱེད་དགོས་པ་སྟེ། དགེ་མཚན་ལྡན་པའི་མཉམ་འགུལ་བྱེད་པ་དང་། ཕན་ཚུན་ཉམས་སུ་མི་འཇུག་པ། རྒྱལ་ཁབ་གཞན་ལ་བཙན་ཤེད་ཀྱིས་ཉེ་དགའ་ཕྱོགས་ཞེན་བྱེད་དུ་མི་འཇུག་པ་བཅས་ཚུད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ལས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45སོང་རིང་གི་ཉམས་མྱོང་དང་བློ་འབྱེད་ལ་བདེན་དཔང་བྱས་ཡོད། གལ་ཏེ་རྒྱལ་ཁབ་གཉིས་པོས་རོགས་ཟླ་བྱས་ཏེ་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཚེ་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཡོང་ཐུབ། གལ་ཏེ་ཕར་ཕྱོགས་ཁ་གཏད་ལ་བརྩིས་ནས་འགྲན་རྩོད་ངན་པ་བྱས་ཚེ་ཀྲུང་ཨའི་འབྲེལ་བར་འགལ་རྐྱེན་འཕྲད་སྲིད་པ་དང་ཐ་ན་ཕྱིར་བཤོལ་ཐེབས་སྲིད། དེང་གི་འཛམ་གླིང་ཡོ་འཁྱོམ་ཆེ་ཞིང་གདོང་གཏུག་ཡང་ཡང་ཐོན་བཞིན་ཡོད་པས། མིའི་རིགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། རྒྱལ་ཁབ་ཆེན་པོའི་འགྲན་རྩོད་དུས་རབས་ཀྱི་ཁྱད་ཆོས་ཡིན་མི་རུང་བ་དང་། མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་དུས་ངལ་མཉམ་སེལ་བྱེད་ཐུབ། “འབྲེལ་ཐག་གཅོད་པ”ནི་ཐག་གཅོད་བྱ་ཐབས་མིན་པས་གཉིས་ཕན་མཉམ་ལས་བྱས་ཚེ་གཞི་ནས་ཐུན་མོང་འཕེལ་རྒྱས་ཡོང་ཐུབ། “སྒོ་ར་ཆུང་ཆུང་ལ་གྱང་མཐོ་པོ་རྒྱག་པ”ནི་རྒྱལ་ཁབ་ཆེན་པོའི་བྱེད་སྟངས་ཤིག་མིན་པ་དང་སྒོ་དབྱེ་མཉམ་སྤྱོད་བྱས་ཚེ་གཞི་ནས་མིའི་རིཌ་ལ་བདེ་སྐྱིད་བསྐྲུན་ཐུབ། ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འབྲེལ་བ་ཡོད་ལ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་ཡང་འབྲེལ་བ་ཡོད། ཀྲུང་ཨ་ཕྱོགས་གཉིས་པོས་མུ་མཐུད་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ཡང་དག་པའི་མཉམ་གནས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་གོ་ལ་འདིའི་ཐོག་ཡུན་རིང་ཞི་བདེ་མཉམ་གནས་ཡོང་བར་བྱས་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་མང་ཙམ་སྣོན་པ་དང་དྲང་ནུས་མང་ཙམ་མཁོ་འདོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཡོང་བར་གཞོལ་བའི་དམིགས་ཚད་ལ་འགྱུར་བ་མེད་པ་དང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་ཐོག་ནས་ཀྲུང་ཨའི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་དོན་ལ་འགྱུར་བ་མེད་པ། རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་མེད་པ། ཀྲུང་ཨ་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱེད་པའི་འདུན་པར་འགྱུར་བ་བྱུང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མུ་མཐུད་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་དང་། མཉམ་ལས་རྒྱ་སྐྱེད། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བཅས་བྱས་ཏེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཀྲུང་ཨའི་འབྲེལ་བ་བརྟན་པོའི་རྣམ་པ་རྒྱུན་མཐུད་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ཐའེ་དབན་དང་། དཔལ་འབྱོར་ཚོང་དོན་དང་ཚན་རྩལ། དྲ་རྒྱའི་བདེ་འཇགས། ལྷོ་རྒྱ་མཚོ། ཡུག་རེན་གྱི་ཉམས་ཉེན། ཁྲའོ་ཞན་ཕྱེད་གླིང་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དེ་ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་གཏན་ནས་མཐུན་ཐབས་མེད། ཨ་རི་ཕྱོཌ་ཀྱིས་ཐའེ་དབན་མཚོ་འགག་གི་ཞི་བདེར་སྲུང་སྐྱོང་བྱེད་བསམས་ན། འགག་རྩ་ནི་ལའེ་ཆིང་ཏེ་དང་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱི“ཐའེ་དབན་རང་བཙན”གྱི་ངོ་བོར་ངོས་འཛིན་གསལ་པོ་བྱས་ནས་ཐའེ་དབན་གྱི་གནད་དོན་གཟབ་ཅིང་ནན་པའི་སྒོ་ནས་ཐག་གཅོད་བྱེད་པ་དང་། “ཐའེ་དབན་རང་བཙན”ལ་ངོ་རྒོལ་ཁ་གསལ་བྱས་ནས་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱེད་དགོས།
ཀྲུང་གོའི་མི་དམངས་ཀྱི་འཕེལ་རྒྱས་ཀྱི་ཁེ་དབང་བཙན་འཕྲོག་བྱེད་མི་རུང་ལ་སྣང་མེད་དུའང་འཇོག་མི་རུང་། རྒྱལ་ཁབ་ཁག་ཚང་མར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡོད་པས། རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་སྤྱིར་བཏང་དུ་འཇོག་མི་རུང་ལ་དེ་ཁ་གཡར་སར་བྱས་ནས་རྒྱལ་ཁབ་གཞན་དག་ལ་བསམ་ངན་བཅངས་ཏེ་ཚད་བཀག་བཟོས་ནས་མགོ་གནོན་དེ་བས་ཀྱང་བྱེད་མི་རུང་།
ཀྲུང་གོས་དྲ་རྒྱའི་ཚུར་རྒོལ་བྱས་འདུག་ཟེར་བར་དཔང་རྟགས་མེད་ལ་གནས་ལུགས་རྒྱུ་མཚན་ཡང་མེད། ཀྲུང་གོ་ཕྱོགས་ཀྱང་རྒྱལ་སྤྱིའི་དྲ་རྒྱའི་ཚུར་རྒོལ་ཕོག་མཁན་ཞིག་ཡིན་པས་དྲ་རྒྱའི་ཚུར་རྒོལ་གང་ཞིག་ཡིན་རུང་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་པ་དང་འབྲེལ་རྡུང་རྡེག་ཀྱང་གཏོང་གི་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་མངའ་ཁོངས་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། འབྲེལ་ཡོད་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ལྷོ་རྒྱ་མཚོའི་རྩོད་གཞིར་དོ་དམ་ཚོད་འཛིན་བྱེད་པའི་ཐབས་ཤེས་ཡག་ཤོས་རེད། ཨ་རི་ཕྱོགས་ཀྱིས་ནན་ཧྲ་མཚོ་གླེའི་སྐོར་གྱི་ཕྱོགས་གཉིས་ཀྱི་རྩོད་གཞིར་ཐེ་ཇུས་བྱེད་མི་རུང་ལ། སྙད་བརྐོ་ཟིང་སློང་གི་རིགས་རྒྱ་ཡན་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་མི་རུང་།
ཡུག་རེན་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་བྱ་སྤྱོད་ཐོག་མཐའ་བར་གསུམ་དུ་ཁ་གསལ་གཏིང་གསལ་ཡིན་ཞིང་། འདུམ་འགྲིག་ལ་འབད་པ་དང་བར་འདུམ་མཐུན་འཇུག་གིས་ཞི་བདེ་བརྩོན་ལེན་དང་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་དམག་འཁྲུག་དང་ཟིང་ཆ་ལངས་སུ་འཇུག་མི་སྲིད་ལ་ཀྲུང་གོའི་འཐབ་ཇུས་བདེ་འཇགས་དང་ལྟེ་བའི་ཁེ་ཕན་ལ་འཇིགས་སྐུལ་ཕོག་ཏུའང་འཇུག་མི་སྲིད།
པའེ་ཀྲེན་གྱིས་གསུངས་དོན། ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་གི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད། ཨ་ཀྲུང་གི་འགྲན་རྩོད་དེ་གདོང་གཏུག་ཏུ་མི་འགྱུར་བ་བྱ་རྒྱུ་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་ལ་འཁུར་དགོས་པའི་འགན་འཁྲི་ཞིག་རེད། འདས་ཟིན་པའི་ལོ་4རིང་ཨ་ཀྲུང་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ཐབས་ལམ་ཁག་གཅིག་སླར་གསོ་དང་བཏོད་པའི་གྲས་སུ་ཕྱོགས་གཉིས་པོའི་ཕྱི་འབྲེལ་དང་བདེ་འཇགས་ཚོགས་པའི་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ་དང་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་ཚུད་ཡོད། ལྷག་པར་དུ། ལོ་གཅིག་གོང་ང་ཚོ་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་ཚུན་ཕྱོགས་གཉིས་པོར་དམག་དོན་དང་། དུག་འགོག ཁྲིམས་སྒྱུར། མི་ཐབས་རིག་ནུས། གནམ་གཤིས་འགྱུར་ལྡོག མི་ཆོས་རིག་གནས་སྤེལ་རེས་སོགས་ཐད་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ཡོད། ཨ་ཀྲུང་ཕྱོགས་གཉིས་པོས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་གཙོ་གཉེར་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བྱས་པ་ལས་ཨ་ཀྲུང་མཉམ་ལས་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་མཚོན་ཡོད། ཨ་རིས“འཇམ་འཐབ་གསར་པ”མི་འཚོལ་བ་དང་། ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་མི་གཏོང་བ། མནའ་མཐུན་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ། “ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་གཏུག་མི་ཡོང་བ་བྱེད་པ། ཐའེ་དབན་གྱི་གནད་དོན་སྤྱད་ནས་ཀྲུང་གོ་དང་འགྲན་རྩོད་མི་བྱེད་པ་བཅས་བྱེད་ཀྱི་ཡིན། ཨ་རི་ཕྱོགས་ཀྱིས་ཀྱང་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་བར་བརྒལ་དུས་ཚོད་ནང་ཀྲུང་གོ་ཕྱོགས་དང་འབྲེལ་མཐུད་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་དབར་ཤེས་རྟོགས་བྱེད་ཟབ་ཏུ་བཏང་ནས་འགན་འཁྲི་འཁུར་བའི་ངང་མི་མཐུན་པའི་ཆར་དོ་དམ་དང་ཚོད་འཛིན་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོས་ཀྲུང་ཨའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་ལ་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་བདུན་ཏེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། འབྲེལ་གཏུག་རྒྱུན་འཁྱོངས། གདོང་གཏུག་སྔོན་འགོག《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ལ་བརྩི་སྲུང་། ཐུན་མོང་གི་ཁེ་ཕན་ཡོད་པའི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ། ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་འགྲན་རྩོད་ཀྱི་རྒྱུ་རྐྱེན་ལ་འགན་འཁུར་བའི་ངང་དོ་དམ་དང་ཚོད་འཛིན་བྱེད་པ་བཅས་བསྐྱར་བསྒྲགས་གནང་ཞིང་། ཕྱོགས་གཉིས་པོས་རྩ་དོན་དེ་དག་རྒྱུན་འཁྱོངས་བྱས་ནས་ཀྲུང་ཨའི་འབྲེལ་བ་མུ་མཐུད་བརྟན་དུ་བཏང་སྟེ་བར་བརྒལ་བརྟན་པོ་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འཐབ་ཇུས་འབྲེལ་གཏུག་དང་། ཕྱི་འབྲེལ་བདེ་འཇགས་ཚོགས་པའི་རྒྱུན་གཏན་རང་བཞིན་གྱི་འབྲེལ་གཏུག དམག་དཔུང་གཉིས། དཔལ་འབྱོར་ཚོང་དོན། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་གྱི་ནུས་པ་གལ་ཆེན་ལ་གདེང་འཇོག་ཧུར་ཐག་གནང་བ་དང་འབྲེལ། མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་གཞི་ཆེའི་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་ཚུན་གྱི་དུག་འགོག་དང་། གནམ་གཤིས་འགྱུར་ལྡོག མི་ཐབས་རིག་ནུས། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ལ་ཕྱིར་དྲན་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོས་མི་ཐབས་རིག་ནུས་བཅོས་སྐྱོང་ཐད་ལྷག་བསམ་རྣམ་དག་དང་དགེ་མཚན་ལྡན་པའི་ངང་སྐད་ཆ་ཤོད་རེས་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་མི་ཐབས་རིག་ནུས་སྐོར་གྱི་གྲོས་ཆོད་ལ་མཉམ་དུ་མིང་རྟགས་བཀོད་རེས་གནང་སྟེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མི་ཐབས་རིག་ནུས་ཀྱི་དགེ་བརྩོན་ཀུན་ཕན་ལ་སྐུལ་འདེད་གཏོང་བའི་དགོས་པ་ཡོད་པ་གཏན་འཁེལ་གནང་ནས། ཉིང་རྡུལ་མཚོན་ཆ་བེད་སྤྱོད་ལ་མིའི་རིགས་ཀྱིས་ཚོད་འཛིན་བྱེད་པའི་གཏན་འབེབས་རྒྱུན་འཁྱོངས་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་རེས་ཀྱི་ཞལ་འཛོམས་ལྷག་བསམ་ཟོལ་མེད་དང་དགེ་མཚན་ལྡན་པ་ཞིག་ཡིན་པས། མུ་མཐུད་འབྲེལ་གཏུག་མཐུན་སྦྱོར་བྱེད་འདོད་ཡོད་པའི་ངོས་འཛིན་གནང་བ་རེད།