དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “དཔའ་བོ་བློ་ལ་བརྟན་པོར་འཆང་། སྟག་མཆོང་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་ཀྱི་འགྲེམས་སྟོན་སྐོར་འགྲེམས”ས་གནས་མང་པོ་ཞིག་ཏུ་སྤེལ་བ།

    ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་གྲོགས་རྒྱུན་མཐུད་ཐུབ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝང་ཝུའེ་ཅན་དང་། ཀྲུང་ཙེ་ཝུའེ། དབྱང་ཤུན།   |     སྤེལ་དུས།  2024-11-18

    ① སྟག་མཆོང་རུ་ཁག་གི་འཐུས་མི་ཚོགས་པའི་ཁོངས་མི་ཚོས་སྟག་མཆོང་རུ་ཁག་ཧྥུའུ་ཅན་ཁྲང་ཐིང་དུ་བཅའ་སྡོད་བྱ་ཡུལ་ཧོང་ཧྲི་ལི་ཡོན་དུ་ལྟ་སྐོར་བྱེད་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲུང་ཙེ་ཝུའེ་ཡིས་པར་བརྒྱབ།

    ② ཁེ་ལི་ཧྥུ་ཏེ·ལུང་ཆུང་བས་ཁོང་གི་ཨ་ཕས་བཏང་མྱོང་བའི་འཐབ་འཛིང་གནམ་གྲུའི་འདྲ་པར་སྟོན་བཞིན་པ། ཧའོ་དབྱང་གིས་པར་བརྒྱབ།

    ③ ཀྲུང་གོ་དང་ཨ་རིའི་སྐུ་མགྲོན་གྱིས་ཧུའུ་ནན་ཁྲང་ཧྲ་རྟེན་མཛོད་ཁང་དུ་སྟག་མཆོང་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་དབྱང་ཤུན་གྱིས་པར་བརྒྱབ།

    ④ ཀེ་ལིན(གཡོན་གྱི་གཉིས་པ)གྱིས་ཁྲང་ཐིང་དུ་གཉེར་བའི་སྟག་མཆོང་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་འགྲེམས་སྟོན་ཐོག་པར་རིས་ཀྱི་གཏམ་རྒྱུད་བརྗོད་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲུང་ཙེ་ཝུའེ་ཡིས་པར་བརྒྱབ།

    ⑤ སྟག་མཆོང་རུ་ཁག་གི་འཐུས་མི་ཚོགས་པའི་ཁོངས་མིས་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་གཤིན་པོར་ལུག་མིག་མེ་ཏོག་དཀར་པོ་འབུལ་བཞིན་པ། ཧའོ་དབྱང་གིས་པར་བརྒྱབ།

    ⑥ སྟག་མཆོང་རུ་ཁག་གི་འཐུས་མི་ཚོགས་པའི་ཁོངས་མིས་ཁྲང་ཧྲ་རྟེན་མཛོད་ཁང་དུ་ཁྲང་ཧྲ་ལུའུ་ཧྲན་རྒྱལ་སྤྱིའི་ཚོད་ལྟའི་སློབ་གྲྭའི་དགེ་སློབ་དང་མཉམ་དུ་དྲན་རྟེན་པར་རྒྱག་པ། འདི་ག་ཚགས་པར་གྱི་གསར་འགོད་པ་དབྱང་ཤུན་གྱིས་པར་བརྒྱབ།

    ཉིན་ཤས་གོང་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཚན་པས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“དཔའ་བོ་བློ་ལ་བརྟན་པོར་འཆང་། སྟག་མཆོང་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་ཀྱི་འགྲེམས་སྟོན་སྐོར་འགྲེམས”ཅང་སུའུ་དང་། ཧྥུའུ་ཅན། ཧུའུ་ནན་སོགས་སུ་གཉེར་བ་དང་དེའི་དམིགས་ཡུལ་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་79འཁོར་བར་དྲན་གསོ་ཞུ་བ་དང་འབྲེལ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་བཏང་ནས་དམག་འཁྲུག་ཁྲོད་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་མོ་མི་དེ་བས་མང་བས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་རེད། སྐོར་འགྲེམས་བྱེད་རིང་། ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཁོངས་མི་དང་དེ་བཞིན་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་དང་ཁོང་ཚོའི་བུ་ཕྲུག་ལས་གྲུབ་པའི་སྟག་མཆོང་རུ་ཁག་གི་འཐུས་མི་ཚོགས་པས་ས་གནས་དེ་གའི་སློབ་གྲྭ་མང་པོར་འཚམས་འདྲི་བྱས་ཏེ། ཀྲུང་ཨའི་སློབ་གྲྭས“སྟག་མཆོང་རུ་ཁག་གི་མཛའ་གྲོགས་སློབ་གྲྭ”འཛུགས་པའི་དཔང་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་དབར་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་མུ་མཐུད་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

    “དེ་སྔ་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ཡོད་ལ་ད་ཆ་ཡང་བྱས་ཆོག”

    “དེ་ནི་ངའི་ཨ་ཕ་ཡིན”ཞེས་ཅང་སུའུ་ནན་ཅིང་གི“དཔའ་བོ་བློ་ལ་བརྟན་པོར་འཆང་། སྟག་མཆོང་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་འགྲེམས་སྟོན་སྐོར་འགྲེམས”བྱ་ཡུལ་དུ་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀེ་ལི་ཐེ·ཅིན་ཁན་ནུང་གིས་པར་རིས་ཤིག་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར་དེ་ལྟར་བཤད། པར་རིས་ཐོག་ཨ་རིའི་དམག་མི་ཞིག་དང་ཀྲུང་གོའི་ས་ཐོག་ཞབས་འདེགས་པ་ཞིག་གིས་མཉམ་དུ་མདེལ་དབྱུག་གནམ་གྲུའི་འཁོར་ལོ་བརྗེ་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ནང་ལོ་རྒྱུས་ཀྱི་པར་རིས་བསྡོམས་180ཙམ་དང་རིག་དངོས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཁག་100ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་རྩ་ཆེའི་ལོ་རྒྱུས་བརྙན་པར་གྱི་དཔྱད་གཞི་མི་ཉུང་བ་ཞིག་ནི་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་དང་དེ་བཞིན་ཁོང་ཚོའི་ནང་མིས་སྒེར་སེམས་མེད་པའི་ངང་ཞལ་འདེབས་ཕུལ་བ་ཞིག་རེད།

    ཅིན་ཁན་ནུང་གིས“ངས་ཤེས་པ་དེ་དག་མི་ཚང་མར་མཉམ་སྤྱོད་བྱེད་པའི་འགན་འཁྲི་ང་ལ་ཡོད་ལ། དེ་ནི་ངས་ད་ལྟ་ཧུར་ཐག་སྒྲུབ་བཞིན་པ་དེ་ཡིན”ཞེས་བཤད། ཁོང་གིས་སྟག་མཆོང་རུ་ཁག་གི་སྙིང་སྟོབས་སྔར་བཞིན་གནས་པ་དང་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཤིང་། “དེ་སྔ་ཨ་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ཡོད་ལ་ད་ཆ་ཡང་བྱས་ཆོག་པའི”ངོས་འཛིན་བྱེད་ཀྱི་ཡོད།

    1998ལོར་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་བཙུགས་པ་རེད། ཐེབས་རྩ་ལྷན་ཚོགས་ཀྱི་རོགས་རམ་འོག་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་སམ་ཡང་ན་ནང་མི་500ལྷག་ཙམ་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་ཡོད། ད་ཐེངས་ཀྱི་སྟག་མཆོང་རུ་ཁག་གི་བརྗོད་དོན་གཙོ་བོའི་ལོ་རྒྱུས་པར་རིས་འགྲེམས་སྟོན་དེ་ཀྲུང་གོར་སྐོར་འགྲེམས་བྱས་ནས་ཀྲུང་ཨའི་དབར་གྱི་དམངས་ཁྲོད་སྤེལ་རེས་ལ་གསོན་ཤུགས་གསར་པ་བསྣན་ཡོད། ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཅེ་ཧྥུའུ་རུའེ·ཀེ་ལིན་གྱིས་པར་རིས་འགྲེམས་སྟོན་གྱིས་དེ་སྔའི་ལོ་རྒྱུས་རྣམས་གཅིག་ཏུ་བསྡུས་ནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཞེས་པ་དེ་གང་ཞིག་ཡིན་པ་བསྟན་པ་དང་སྙིང་སྟོབས་དེ་ད་ལྟའང་ཧ་ཅང་རྩ་ཆེན་པོ་ཞིག་རེད་ཅེས་བརྗོད།

    སྐོར་འགྲེམས་བྱེད་རིང་སྟག་མཆོང་རུ་ཁག་གི་འཐུས་མི་ཚོགས་པས་ཅིན་ལིན་སློབ་འབྲིང་དང་ནན་ཅིང་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་ལ་འཚམས་འདྲི་བྱས་པ་དང་ཀེ་ལིན་གྱིས་སློབ་གྲྭ་གཉིས་པོའི་འགན་འཁུར་བར“སྟག་མཆོང་རུ་ཁག་གི་མཛའ་གྲོགས་སློབ་གྲྭའི”སྒོ་བྱང་སྤྲད་པ་རེད། ཅིན་ལིང་སློབ་འབྲིང་དང་ནན་ཅིང་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང“སྟག་མཆོང་རུ་ཁག་གི་མཛའ་གྲོགས་སློབ་གྲྭ་དང་གཞོན་ནུ་ལོ་ཆུང་གི་གཙོ་འཛིན་འཆར་གཞིའི”ནང་དངོས་སུ་ཞུགས་པ་རེད།

    ཀེ་ལིན་གྱིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱིས་2022ལོའི་ཟླ་9པར“སྟག་མཆོང་རུ་ཁག་གི་མཛའ་གྲོགས་སློབ་གྲྭ་དང་གཞོན་ནུ་ལོ་ཆུང་གི་གཙོ་འཛིན་འཆར་གཞི”ལག་བསྟར་བྱེད་འགོ་བཙུགས་ནས། རྒྱལ་ཁབ་གཉིས་ཀྱི་སློབ་མས་ཕན་ཚུན་འཚམས་འདྲི་བྱས་ནས་སྤེལ་རེས་དང་། དྲ་ཐོག་ཚོགས་འདུ། ཤེས་བྱ་འགྲན་བསྡུར། དབྱར་སྒར་སོགས་ཀྱི་རྣམ་པའི་ཐོག་ནས་སྟག་མཆོང་རུ་ཁག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་དབར་ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས། འདི་ལོ་ཚུན་ཨ་རིའི་དགེ་སློབ་70ལྷག་ཙམ་འཆར་གཞི་དེ་བརྒྱུད་ཀྲུང་གོར་སྤེལ་རེས་བྱེད་པར་ཡོང་བ་རེད།

    “སྟག་མཆོང་རུ་ཁག་གི་སྙིང་སྟོབས་རྒྱལ་ཁབ་གཉིས་པོའི་མི་རབས་གསར་པའི་དབར་རྒྱུན་འཛིན་ཐུབ་པ་བྱེད་དགོས”

    ཨ་རིའི་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ཁེ་ལི་ཧྥུ་ཏེ·ལུང་གི་པར་རིས་རྙིང་པའི་འགྲམ་དུ་ལངས་པའི་ཁོང་གི་བུ་ཁེ་ལི་ཧྥུ་ཏེ·ལུང་ཆུང་བས“སྐབས་དེ་དུས་ཀྲུང་གོའི་དམག་དམངས་དང་སྟག་མཆོང་རུ་ཁག་གིས་མཉམ་དུ་ལེགས་སྐྱེས་མང་པོ་ཕུལ་བ་དེས་མཐའ་མའི་རྒྱལ་ཁ་ཐོབ་པར་ནུས་པ་གལ་ཆེན་ཐོན་ཡོད”ཅེས་བརྗོད།

    ཁྲང་ཏིང་ཧྲུའེ་ཁྲོམ་གཞུང་ཤར་མར་གནས་པའི་ཧོང་ཧྲི་ལི་ཡོན་ནི་སྐབས་དེ་དུས་སྟག་མཆོང་རུ་ཁག་བཅའ་སྡོད་བྱ་ཡུལ་གྱི་གྲས་ཤིག་རེད། “ཉིན་ཞིག་རྣམ་པ་དེ་འདྲར་བརྟེན་ནས་ཨ་ཕའི་རྗེས་སུ་འབྲང་རྒྱུ་བྱུང་བ་ནི་ངའི་བསམ་ཡུལ་ལས་འདས་སོང” ཅིན་ཁན་ནུང་མཛེས་སྡུག་ལྡན་པའི་ཁང་རྙིང་དེའི་ནང་ཐེངས་དང་པོ་འཛུལ་ནས་སྔོན་ཆད་ཨ་ཕས་འཚོ་བ་སྐྱེལ་མྱོང་བའི་ས་ཆ་འདིར་ལྟ་སྐོར་བྱེད་སྐབས་སེམས་འགུལ་ཟབ་པོ་ཐེབས། ཁོང་གིས“སྟག་མཆོང་རུ་ཁག་ཏུ་དམག་ཞབས་ཞུ་རིང་ངའི་ཨ་ཕ་དང་ཀྲུང་གོའི་དམག་དམངས་དབར་བརྩེ་དུང་ཟབ་མོ་ཆགས་ཡོད། ལོ་70ལྷག་ཙམ་འདས་ཀྱང་མཉམ་དུ་གནམ་གྲུ་ཉམས་བཟོ་བྱེད་མཁན་ཀྲུང་གོའི་ཉམས་བཟོ་བ་གཉིས་ཀྱི་མིང་སྔར་བཞིན་གསལ་པོ་ངེས་ཀྱི་འདུག”ཅེས་བཤད།

    སྐོར་འགྲེམས་བྱེད་རིང་ཁྲང་ཐིང་སློབ་འབྲིང་དང་པོ་དང་ཨ་རིའི་ཨེར་ལན་ཆའོ་སློབ་འབྲིང་དབར“སྟག་མཆོང་རུ་ཁག་གི་མཛའ་གྲོགས་སློབ་གྲྭ”བཙུགས་པ་རེད། “འཛམ་གླིང་དམག་ཆེན་གཉིས་པའི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སྐབས་སུ་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ནམ་ཡང་མི་ནུབ་པའི་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད། སྟག་མཆོང་རུ་ཁག་གི་གཏམ་རྒྱུད་ཁྲོད་ང་ཚོས་རྒན་རབས་ཚོས་མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་ཤེས་རྟོགས་བྱེད་ཐུབ། ང་ཚོའི་འགན་འཁྲི་ནི་སྟག་མཆོང་རུ་ཁག་གི་གཏམ་རྒྱུད་བརྒྱུད་བསྒྲགས་བྱས་ཏེ་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཐུན་སྒྲིལ་མཉམ་ལས་དང་ཕན་ཚུན་བརྩི་འཇོག་གི་སྙིང་སྟོབས་དར་སྤེལ་བཏང་ནས་སྟག་མཆོང་རུ་ཁག་གི་སྙིང་སྟོབས་རྒྱལ་ཁབ་གཉིས་པོའི་མི་རབས་གསར་པའི་དབར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་ཀེ་ལིན་གྱིས་བརྗོད།

    “ཨ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས”

    རི་འགོག་དམག་འཁྲུག་སྐབས། ཧུའུ་ནན་ཧོའེ་ཧྭ་གྲོང་ཁྱེར་གྱི་ཀྲི་ཅང་ཏུང་རིགས་རང་སྐྱོང་རྫོང་ནི་དམག་དོན་གྲོང་རྡལ་གལ་ཆེན་ཞིག་ཡིན་པས། སྟག་མཆོང་རུ་ཁག་1943ལོའི་ཟླ་དྲུག་པར་ཀྲི་ཅང་གནམ་ཐང་དུ་བཅའ་སྡོད་བྱས་ནས་1945ལོའི་ཟླ་དགུ་པར་དེ་ནས་ཁ་བྲལ་ཡོད། ཀེ་ལིན་གྱིས། ཀྲི་ཅང་གནམ་ཐང་གིས་1943ལོ་ནས་1945ལོའི་བར་ནུས་པ་གལ་ཆེན་བཏོན་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གནམ་གྲུ་གཏོང་མཁན་གྱིས་ཉིན་མཚན་བལྟོས་མེད་ངང་དཔའ་ངར་ཆེན་པོས་འཐབ་པས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།

    སྟག་མཆོང་རུ་ཁག་གི་འཐུས་མི་ཚོགས་པའི་ཁོངས་མི་ཁག་ཅིག་དེ་སྔོན་ཀྲི་ཅང་དུ་ཡོང་མྱོང་ཡོད་པ་རེད། ཐེངས་འདིར་ཅིན་ཁན་ནུང་གིས་སླར་ཡང་པར་རྙིང་པ་གསུམ་ཁྱེར་ཡོང་ནས་དྲན་གསོ་ཁང་ལ་ཞལ་འདེབས་སུ་ཕུལ། པར་གཅིག་ནི་ཁོང་གི་ཨ་ཕའི་པར་ཡིན་པ་དང་། གཞན་དག་གཉིས་ནི་སྐབས་དེ་དུས་ཁོང་གི་ཨ་ཕ་དང་ཀྲུང་གོ་ཕྱོགས་ཀྱི་མི་སྣའི་དབར་གྱི་མཉམ་པར་རེད། ཅིན་ཁན་ནུང་གིས“སླད་ཕྱིན་ངས་འདྲ་པར་དེ་བས་མང་བ་ཁྱེར་ནས་ཀྲི་ཅང་ལ་ཡོང་སྟེ་མི་དེ་བས་མང་བས་ཨ་ཀྲུང་གཉིས་ཀྱིས་དཔུང་པ་མཉམ་གཤིབ་བྱས་ནས་དམག་འཐབ་བྱས་པའི་ལོ་རྒྱུས་ཤེས་སུ་འཇུག་རྒྱུ་ཡིན”ཞེས་བཤད།

    ལུའུ་ཧྲན་རྒྱལ་སྤྱིའི་ཚོད་ལྟའི་སློབ་གྲྭའི་སློབ་མའི“ཀྲུང་ཨའི་མཛའ་གྲོགས་ཡུན་དུ་གནས། སྟག་མཆོང་སྙིང་སྟོབས་ཉམས་པ་མེད”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་མཐོང་སྐབས། སྟག་མཆོང་རུ་ཁག་གི་འཐུས་མི་ཚོགས་པའི་ཁོངས་མི་ཚོ་སེམས་འགུལ་ཚད་མེད་ཐེབས། ཀེ་ལིན་གྱིས“སྟག་མཆོང་རུ་ཁག་ལས་མངོན་པའི་ཨ་ཀྲུང་མཉམ་ལས་ཀྱི་སྙིང་སྟོབས་ལ་དོན་སྙིང་གཏིང་ཟབ་ལྡན། རྒྱལ་ཁབ་གཉིས་པོའི་སློབ་མས་སྤེལ་རེས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་དབར་བསམ་ཤེས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཨ་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།