དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐང་སྨད་ཀྱི་ཟམ་པ་གསུམ་གྱིས་རང་བྱུང་འོབས་ཆེན་བདེ་ལམ་དུ་གྱུར་པའི་དཔང་པོ་བྱེད།

    བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-18

    འདི་ནི་ཡིད་འོང་གཙང་པོའི་སྟེང་གི་ཟམ་པ་གསུམ་ཡིན་པ།

    རྦ་རླབས་ལང་ལོང་དུ་འཕྱུར་བའི་ཡིད་འོང་གཙང་པོ་དང་རི་བོ་མཐོ་ཞིང་ཤིང་ནགས་སྟུག་པའི་གྲོག་རོང་གི་ཁྲོད་དུ་པང་ལེབ་ཀྱི་དཔྱང་ཟམ་གཅིག་དང་། ལྕགས་སྒྲོམ་གྱི་འབྲེང་ཟམ་གཅིག གསར་དུ་བསྐྲུན་པའི་ཟམ་ཆེན་གཅིག་བཅས་སྐས་རིམ་ལྟར་གཙང་པོའི་སྟེང་དུ་བརྒྱབ་ཡོད། ཟམ་པ་འདི་གསུམ་ནི་རྒྱལ་ལམ་318ལམ་ཐིག་སྟེང་གི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་ཤིག་ཡིན་ཞིང་། ཁྲོན་བོད་ལམ་ཐིག་གི་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས་ཐང་སྨད་གྲོང་རྡལ་བརྒྱུད་དེའི་ལོ་རྒྱུས་ཤེས་རྟོགས་བྱས་པ་ཡིན།

    པང་ལེབ་དཔྱང་ཟམ་གཅིག་གིས་ཕྱི་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་བསྐྲུན་པ།

    དེ་སྔ་ཐང་སྨད་གྲོང་རྡལ་ནས་བྲག་ལུང་གྲོང་ཚོའི་བར་ལམ་ཐག་སྤྱི་ལེ་14ཙམ་ཡོད། ཡིད་འོང་གཙང་པོ་དང་བྲག་ལུང་གཙང་པོས་བར་ཆོད་པས་གཙང་པོ་སྒྲོལ་བ་ཁོ་ནར་མི་རྣམས་ཀྱིས་རི་མཐོ་ནགས་ཁྲོད་དུ་ཆུ་ཚོད་ཁ་ཤས་བསྐོར་ནས་འགྲོ་དགོས་ཀྱི་ཡོད། སྤོ་བོ་རྫོང་ཡིད་འོང་ཤང་ནས་ཉིང་ཁྲི་གྲོང་ཁྱེར་དུ་སྐྱོད་པར་ཐང་སྨད་ནི་བརྒྱུད་དགོས་ངོས་ཀྱི་རང་གྲུབ་འགག་བཙན་ཞིག་རེད།

    1941ལོར་སྐྱེས་པའི་པོ་ཨེན་ནི་དེ་སྔའི་ཡིད་འོང་ཤང་གི་ཤང་ཀྲང་གཞོན་པ་ཡིན་པ་དང་ཚེ་གང་རི་མཐོ་གྲོག་རོང་ཁྲོད་འཚོ་བ་སྐྱེལ་ནས་བསྡད།

    ཁོང་གི་དྲན་ཤེས་ནང་ཐང་སྨད་ལམ་དུམ་ནི་མིང་དོན་མཚུངས་པའི་རང་གྲུབ་འགག་བཙན་ཞིག་རེད། རི་མཐོ་དང་གཙང་པོས་མི་རྣམས་དང་ཕྱི་ཕྱོགས་དབར་གྱི་འབྲེལ་བ་བཅད་ཡོད། 1950ལོའི་གོང་དུ། ཡིད་འོང་ཤང་ནས་ཕྱིར་སྐྱོད་པའི་ལམ་བུ་དེ་རི་ལམ་ཀྱག་ཀྱོག་དང་གཡང་གཟར་པོ་ཡོད། ཉེ་འགྲམ་གྱི་ས་རྒྱུ་དང་ལམ་གཞི་སོབ་སོབ་ཡིན་པས། ལམ་དུམ་འགའ་ཞིག་གི་ལམ་ངོས་བརྡིབས་ནས་གཟབ་གཟབ་མ་བྱས་ཚེ་གྲོག་རོང་དུ་ལྷུང་ཉེན་ཆེན་པོ་ཡོད།

    པོ་ཨེན་གྱིས“དུས་ཚོད་གྲོན་ཆུང་བྱ་ཆེད། ལམ་ཐག་རིང་པོ་མ་བསྐོར་བར་གཙང་པོ་སྒྲོལ་བར་ཀོ་གྲུ་སྡོད་པ་དང་ཡང་ན་འབྲེང་ཐག་ལ་བརྟེན་ནས་འགྲོ་དགོས་ཀྱི་ཡོད”ཅེས་དྲན་གསོ་བྱེད་བཞིན་བཤད།

    དུས་རབས་20པའི་ལོ་རབས་50པའི་བར། མི་དམངས་བཅིངས་འགྲོལ་དམག་གིས་དཔུང་སྐྱོད་བྱེད་ཀྱིན་ལམ་བཟོས་ཤིང་། ལང་ལོང་དུ་རྒྱུག་པའི་ཡིད་འོང་གཙང་པོའི་ཐོག་ཇི་མི་སྙམ་པར་ཐང་སྨད་ཀྱི་བཙན་འགག་དེར་པང་ལེབ་ཀྱི་དཔྱང་ཟམ་ཞིག་བརྒྱབ། དུས་དེ་ནས་བཟུང་གཙང་པོའི་ངོགས་གཉིས་སྦྲེལ་མཐུད་ཐུབ་པ་དང་ཁྲོན་བོད་ལམ་ཐིག་མདུན་ཕྱོགས་སུ་སྣུར་སྲིང་ཐུབ་ནས། ས་གནས་དེ་གའི་གྲོང་མིས་ཐག་རིང་པོར་བསྐོར་ནས་སྐྱོད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    ལོ་62ལ་སླེབས་པའི་ཧོ་ཀྲེང་མིང་1985ལོར་བོད་དུ་གླ་པར་ཐེངས་དང་པོ་ཡོང་སྐབས། ཐང་སྨད་དཔྱང་ཟམ་བརྒྱུད་པའི་རྣམ་པ་གསལ་པོ་ངེས་ཀྱི་ཡོད་ཅིང་། ཚང་མས་རླངས་འཁོར་ལས་བབས་ཏེ་རྐང་ཐང་མར་འགྲོ་དགོས་པ་དང་ཟམ་ངོས་སུ་གོམ་པ་རེ་སྤོས་ཚེ་ཟམ་པ་ཕར་ཡོམ་ཚུར་ཡོམ་བྱེད་ཀྱི་ཡོད། པང་ལེབ་ཀྱི་གསེབ་ནས་ལང་ལོང་དུ་རྒྱུག་པའི་གཙང་པོ་མཐོང་སྐབས་སྐྱི་གཡའ་བ་ཞིག་ཡོད།

    དཔྱང་ཟམ་དེ་བརྒྱུད་སྐབས་འཇིགས་སུ་རུང་ཡང་ས་གནས་དེ་གའི་མི་སེར་གྱི་ངོས་ནས་བརྗོད་ན། དཔྱང་ཟམ་དེ་ནི་ཕྱི་ཕྱོགས་སུ་སྐྱོད་པའི་ལམ་བུ་འབའ་ཞིག་རེད།

    དཔྱང་ཟམ་གཉིས་ཀྱིས་ཁྲོན་བོད་ལམ་ཐིག་རིམ་བཞིན་ཤར་གཏོང་ཐུབ་པའི་དཔང་པོ་བྱས་པ།

    ཐང་སྨད་པང་ལེབ་དཔྱང་ཟམ་གྱིས་ལོ་40ལྷག་ཙམ་རིང་གི་ཤར་གཏོང་ལས་འགན་བསྒྲུབས་ཡོད། 2000ལོར་ཡིད་འོང་ཤང་དུ་རི་ཉིལ་ནས་ཡིད་འོང་གཙང་པོར་འཁྱིལ་མཚོ་ཆགས་ཏེ་རགས་ཁ་ཤོར་བས་ཟམ་པ་ཆུས་ཁྱེར་བ་རེད།

    རྒྱལ་ལམ་318ཀྱི་སྐྱེལ་འདྲེན་ལམ་ཐིག་གང་མགྱོགས་ཤར་གཏོང་ཐུབ་ཆེད། དཔྱང་ཟམ་རྙིང་པ་གནས་སའི་འགྲམ་དུ་འབྲེང་ཟམ་གསར་པ་ཞིག་བརྒྱབ་པ་དང་། 2001ལོའི་ཟླ་1ཚེས་1ཉིན་དངོས་སུ་ཤར་གཏོང་ཐུབ་པ་རེད།

    འབྲེང་ཟམ་དེ་བསྐྲུན་དོན་ནི་གནས་སྐབས་ཀྱི་འགྲིམ་འགྲུལ་ཤར་གཏོང་ཆེད་དུ་ཡིན་པ་དང་འཆར་འགོད་བེད་སྤྱོད་ཀྱི་ལོ་ཚད་ལོ་8ཡིན་པ་རེད། 2005ལོར་བེད་སྤྱོད་ལོ་ཡུན་ཐིམས་པ་མ་ཟད་འགྲོ་སྐྱོད་རླངས་འཁོར་མང་དུ་ཕྱིན་པའི་དབང་གིས་ཟམ་པའི་ཐེག་ནུས་ཞན་དུ་ཕྱིན་ནས་ཕྱོགས་རྐྱང་པར་མ་གཏོགས་རླངས་འཁོར་གཏོང་གི་མེད། དེ་རྗེས་འབྲེང་ཟམ་ཐེངས་ཁ་ཤས་བརྡིབས་པས་ཤར་གཏོང་གི་ནུས་པ་མེད་པར་གྱུར།

    2015ལོའི་ཟླ་12པར་ལྕོག་རྐྱང་སྒྲོལ་རྐྱང་གི་དཔྱང་ཟམ་ཞིག་བརྒྱབ་པ་དང་ཐང་སྨད་ཟམ་ཆེན་དུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། ཞེང་ཚད་སྨི་12ཡོད་པའི་ཟམ་ངོས་སུ་རླངས་འཁོར་ཕྱོགས་གཉིས་སུ་བདེ་འཇགས་ངང་ཤར་གཏོང་ཐུབ་ཡོད།

    2016ལོའི་ཟླ་4པར་ཕུག་ལམ་102དང་། འཕུར་རྡོ་བྲག་ཕུག་ལམ། སྟག་མོ་ཁའི་ཕུག་ལམ། བྲག་ལུང་ཕུག་ལམ་དང་པོ། བྲག་ལུང་ཕུག་ལམ་གཉིས་པ། ཐང་སྨད་ཟམ་ཆེན། འཕྲེད་ལུང་རོང་ཟམ་ཆེན་བཅས“ཕུག་ལམ་ལྔ་དང་ཟམ་པ་གཉིས”ཀྱིས་གཙོས་པའི་ཁྲོན་བོད་གཞུང་ལམ་ཐང་སྨད་ལམ་དུམ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་ལེགས་གྲུབ་བྱུང་བ་དང་འབྲེལ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ཡོད། དུས་དེ་ནས་བཟུང་ཁྲོན་བོད་གཞུང་ལམ་བོད་ལྗོངས་མངའ་ཁོངས་ཀྱི“འགག་བཙན”གྱི་གནད་དོན་ཐག་གཅོད་ཐུབ་པ་དང་། སྤྱི་ལེ་བཅུ་ལྷག་ཙམ་གྱི“ཐང་སྨད་རང་གྲུབ་འགག་བཙན”བདེ་བའི་ལམ་བུར་གྱུར་ནས། དེ་སྔ་ཆ་སྙོམས་ཆུ་ཚོད་གཉིས་དགོས་པ་དེར་ད་ཆ་སྐར་མ་20ལས་དགོས་ཀྱི་མེད།

    ཐང་སྨད་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་སྐབས་ཧོ་ཀྲེང་མིང་ཁྲེང་ཏུར་ལོག་ནས་ལོ་20ཕྱིན་པ་རེད། ཡིན་ན་ཡང་རླངས་འཁོར་ཤར་གཏོང་ཐུབ་པའི་གནས་ཚུལ་ཐོས་རྗེས་ཁོང་དང་ནང་མི་ཚང་མ་དགའ་སྤྲོ་ཚད་མེད་སྐྱེས་ནས་བོད་དུ་ལོག་སྟེ་ལྟ་བར་འགྲོ་རྒྱུའི་ཐག་བཅད། 2017ལོའི་དབྱར་ཁར། ཧོ་ཀྲེང་མིང་གིས་བཟའ་ཟླ་ཁྲིད་དེ་ཡིད་འོང་ཤང་དུ་ལོག “ཁྲོན་བོད་ལམ་ཐིག་དེ་འདམ་རྫབ་ལམ་ནས་སྣུམ་གནག་གཞུང་ལམ་དུ་གྱུར་ཏེ་རླངས་འཁོར་བརྟན་ལ་མྱུར་པོ་སྐྱོད་ཐུབ་ཀྱི་འདུག” དེར་བརྟེན། ཧོ་ཀྲེང་མིང་གིས་ཡིད་འོང་ཤང་དུ་ཟ་ཁང་ཞིག་བཙུགས། ད་ཆ་ཐང་སྨད་ཟམ་ཆེན་བརྒྱུད་སྐབས་ཧོ་ཀྲེང་མིང་གིས“ཟམ་པ་བརྟན་པོ་འདི་འདྲ་བརྒྱབ་པས་ཆུ་ལོག་ག་ཚད་ཆེན་པོ་ཡོང་ཡང་སྐྲག་དགོས་ཀྱི་མི་འདུག”ཅེས་ཚོར་སྣང་ཟབ་མོས་ཤོད་ཀྱི་ཡོད་པ་རེད།

    ད་ཆ། དཀའ་ཚེགས་ཆེ་བའི་ལོ་ཟླའི་དཔང་པོ་ཐུབ་པའི་དཔྱང་ཟམ་དང་འབྲེང་ཟམ་ལ་ཤར་གཏོང་ནུས་པ་མེད་པར་གྱུར་ཡང་ཐང་སྨད་ཟམ་ཆེན་དང་མཉམ་དུ་ཐང་སྨད་ཀྱི་རང་བྱུང་འོབས་ཆེན་འདི་བདེ་ལམ་དུ་གྱུར་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་གླེང་བཞིན་ཡོད།

    རང་གྲུབ་འཕྲང་འགག་གཏོར་ནས་མཉམ་དུ་མདུན་སྐྱོད་བྱེད།

    ཟམ་པ་གསུམ་པོས་རང་བྱུང་འོབས་ཆེན་བདེ་ལམ་དུ་གྱུར་པའི་དཔང་པོ་བྱས་ཡོད། འདི་ནི་བོད་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་བྱུང་བའི་མཚོན་ཚུལ་ཙམ་རེད། དེ་སྔ་བོད་དུ་སྐྱོད་པ་དང་ཡང་ན་བོད་ནས་ཐོན་པར་དཀའ་ཚེགས་ཆེན་པོ་ཡོད། ད་ཆ་ཁྲོན་བོད་དང་། མཚོ་བོད། ཤིན་བོད། ཡུན་བོད་བཅས“རྒྱལ་ཁབ་ཀྱི་གཞུང་ལམ་ཆེན་པོ”བཞི་ཤར་གཏོང་ཐུབ་པ་དང་། མཚོ་བོད་ལྕགས་ལམ་དང“བསྐྱར་དར་རྟགས་ཅན”ཤར་གཏོང་ཐུབ་པ། “མཁའ་དབྱིངས་ཀྱི་གསེར་ཟམ”ཕྱོགས་བཞིར་ཁྱབ་པ་མ་ཟད། ད་དུང་གྲོང་གསེབ་ལམ་བུ་ཞིང་འབྲོག་དུད་ཚང་རེ་རེའི་སྒོ་འགྲམ་དུ་བསྐྲུན་ནས་འགྲིམ་འགྲུལ་ཧ་ཅང་སྟབས་བདེར་གྱུར་པས། བོད་འདི་ཉིད་སྔོན་ཆད་ལྟར་དེ་འདྲའི་ཐག་རིང་པོ་མེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བོད་ཀྱི་འགྲིམ་འགྲུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་དུས་སྐབས་བཟང་ཤོས་སུ་སླེབས་ཡོད། མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུ་མང་པོ“གསེར་མདོག་གི་ཁ་བཏགས”ཇི་བཞིན་ས་མཐོའི་གང་སར་བསྲིངས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་བསྣན་ཡོད།

    ལེའུ་གསར་རྩོམ་པའི་ཆོད་སེམས་དེ། མི་འགྱུར་རྡོ་རྗེའི་བྲག་ལས་བརྟན། ས་མཐོའི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་ཇི་ཙམ་བསྐྲུན་པ་དེ་ཙམ་གྱིས་ཚགས་དམ་དུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུ་དང་། བདེ་སྐྱིད་ཀྱི་ལམ་བུ། སེམས་སྦྲེལ་གྱི་ལམ་བུ། དར་རྒྱས་ཀྱི་ལམ་བུ་བཅས་ཀྱི་ཐོག་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།