ལི་མ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་།
ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་མཇལ་འཛོམས་གནང་བ།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་མ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་ཧན་གོའི་ཙུང་ཐུང་དབྱི་ཤིས་གཡོད་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ངེད་གཉིས་ལོ་གཉིས་ཀྱི་གོང་། པ་ལི་གླིང་ཕྲན་དུ་ཐུག་འཕྲད་བྱས་ཚུན་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་མི་ཉུང་བ་ཕྱིན་ཡོད། ཡིན་ན་ཡང་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་ཕྱིན་རུང་ཀྲུང་ཧན་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་འཛུགས་སྐབས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཁ་ཕྱོགས་བརྟན་གཏོང་དང་གཉིས་ཁེ་གཉིས་ཕན་གྱི་དམིགས་ཚད་མཐའ་འཁྱོངས་བྱས་ཐོག་ས་ཁམས་མཚམས་འབྲེལ་དང་། རིག་གནས་འདྲ་མཚུངས། དཔལ་འབྱོར་མཉམ་འདྲེས་བཅས་ཀྱི་ལེགས་ཆ་བཏོན་ནས་སྤེལ་རེས་ལ་ཤུགས་སྣོན་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་ཧན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ངང་བདེ་སྐྱིད་བསྐྲུན་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ངེས་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕན་ཚུན་རོགས་སྐུལ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་གི་ཡོད་པས། ཧན་གོའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན། ཕྱོགས་གཉིས་པོས་ཐུན་མོང་ཐོག་རྒྱལ་སྤྱིའི་རང་མོས་ཚོང་དོན་གྱི་མ་ལག་ལ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོ་དང་དེ་བཞིན་ས་ཁུལ་གྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་འཁོར་རྒྱུག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག
མཛའ་གྲོགས་ཟབ་ཏུ་གཏོང་བར་ཕན་པའི་བྱེད་སྒོ་མང་ཙམ་སྤེལ་ནས་གླེང་ཕྱོགས་ལས་རིགས་དང་། རིག་གཞུང་ལས་རིགས། ས་གནས་དང་ལྷག་པར་དུ་གཞོན་ནུ་བཅས་ལ་ཕན་ཚུན་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ལྕག་སྐུལ་བྱེད་དགོས། ཧན་གོའི་དམངས་ཚོགས་དེ་བས་མང་བ་ཀྲུང་གོར་ཡོང་རྒྱུར་དགའ་བསུ་ཞུ་བ་དང་འབྲེལ་ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་ཧན་གོར་བསྐྱོད་རྒྱུར་སྟབས་བདེ་དེ་བས་མང་པོ་བསྐྲུན་རྒྱུའི་རེ་བ་ཡོད། ཧན་གོས་སང་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་མུ་མཐུད་འཁུར་བར་ཀྲུང་གོ་ཕྱོགས་ཀྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་འབྲེལ་རྒྱབ་སྐྱོར་ཡང་ཞུ་རྒྱུ་ཡིན་ལ་ཧན་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་དང་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད།
དབྱི་ཤིས་གཡོད་ཀྱིས་གསུངས་དོན། ལོ་གཉིས་གོང་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་པ་ལི་གླིང་ཕྲན་དུ་ཐུག་འཕྲད་བྱུང་ཚུན། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས་འཛམ་གླིང་ལ་འཕྲད་པའི་གནད་དོན་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཧན་གོས་ཀྲུང་གོ་ནི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་པས། ཕན་ཚུན་བརྩི་འཇོག་དང་ཕྱི་འབྲེལ་འཛུགས་སྐབས་ཀྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ནས་ཧན་ཀྲུང་གི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་དེ་བས་ལེགས་པར་བཅག་ནས། ས་ཁུལ་ཞི་བདེ་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་ཆི་ལིའི་ཙུང་ཐུང་པོ་ལི་ཆི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཆི་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་མེ་གླིང་ལྷོ་མའི་རྒྱལ་ཁབ་དང་པོ་དེ་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཕྱོགས་གཉིས་ནི་ཕན་ཚུན་ཡིད་ཆེས་ཆོག་པའི་གྲོགས་པོ་ཡག་པོ་དང་མཉམ་ལས་གཉིས་ཁེའི་རོགས་ཟླ་ཡག་པོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཆི་ལི་ཕྱོགས་དང་ཕྱི་ལོ་ཕྱི་འབྲེལ་བཙུགས་ནས་ལོ་55འཁོར་བ་གོ་སྐབས་སུ་བརྩིས་ནས་འཐབ་ཇུས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ཏེ་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འགྲོ་འོང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ་གཉིས་ཕན། ཕན་ཚུན་འབྲེལ་མཐུད་བཅས་མཐའ་འཁྱོངས་བྱེད་པ། མཉམ་ལས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ་གཙང་མ། ཆ་འཕྲིན་དང་འཕྲིན་གཏོང་སོཌ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་དང་དེ་བས་སྒོ་དབྱེའི་ཐོན་ལས་སྲིད་ཇུས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་བས་རྒྱུན་མཐུད་དང་དེ་བས་ཡངས་པའི་ཁྱབ་ཁོངས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཆི་ལིའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཆི་ལིར་མ་འཇོག་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཆི་ལི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཡོངས་བསྒྲགས་དང་། སྒོ་དབྱེ། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆི་ལི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཚོང་དོན་རྩ་འཛུགས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོཌ་མང་ལམ་སྲོལ་ནང་གི་འབྲེལ་གཏུག་དང་མཉམ་ལས་ལ་ཤུཌ་སྣོན་རྒྱག་པ་དང་། ཕྱོཌ་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་ཤར་གཏོང་བརྟན་པོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས་སྒོ་དབྱེ་དང་། གསོན་ཤུགས། སྟོབས་ལྡན། ཞི་བདེ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་སྐྲུན་འདོད་ཡོད།
པོ་ལི་ཆིས་གསུངས་དོན། ཆི་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བཟང་པོ་ཡོད་པ་དང་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་ཆི་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཡོད། ཆི་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྟན་པོར་བསྲུངས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིག་གནས་དང་སློབ་གསོ་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་ཐེ་ལན་གྱི་ཙུང་ལི་ཕེ་ཐུང་ཐན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐེ་ལན་ནི་མཛའ་གྲོགས་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས“ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ལོ་རྒྱུས་ཡུན་རིང་ལྡན་ཡོད། 2022ལོའི་ཟླ་11པར་ངས་ཐེ་ལན་དུ་འཚམས་འདྲི་བྱེད་སྐབས་ཐེ་ལན་གྱི་འགོ་ཁྲིད་དང་ཀྲུང་ཐེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ནུས་ལྡན་བྱུང་བ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་པ་བཅས་མཐོང་བྱུང་བས་ཧ་ཅང་དགའ་པོ་བྱུང་།
ཞི་ཅིན་ཕིང་གིས་བསྟན་དོན། སང་ལོ་རྒྱལ་ཁབ་གཉིས་པོས་ཀྲུང་ཐེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང“ཀྲུང་ཐེའི་མཛའ་གྲོགས་ཀྱི་གསེར་མདོག་ཅན་གྱི་ལོ་50”བསུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་ཀྲུང་ཐེའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཐེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་འཕེལ་རྒྱས་སྔར་བས་ཆེ་བ་ཡོང་རེ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཀྲུང་ཐེའི་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ནུས་རྒྱུ་གསར་པ་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། རིག་གནས་དང་། སློབ་གསོ། གཞོན་ནུ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུཌ་སྣོན་རྒྱག་པ། རིང་བསྲེལ(ཚེམས)ཐེ་ལན་དུ་མཆོད་འབུལ་བྱེད་པ་སོགས་ཀྱི་བྱེད་སྒོ་ཡག་པོ་སྤེལ་བ་བཅས་བྱས་ནས་ཀྲུང་ཐེའི་མཛའ་གྲོགས་སྔར་བས་མི་སེམས་སུ་ཟུག་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ་རྫ་ཆུ་དང་མེ་ཀུང་གཙང་པོ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། འབོ་གསེར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་གྱི་མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ས་ཁུལ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྲུང་སྐྱོང་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
ཕེ་ཐུང་ཐན་གྱིས་གསུངས་དོན། མིག་སྔར་འཛམ་གླིང་དང་ས་ཁུལ་དུ་ཟང་ཟིང་གི་རྣམ་པ་མང་པོ་ཐོན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་འཐབ་ཇུས་ཀྱི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་ལྡན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད། ཀྲུང་གོ་ནི་ཐེ་ལན་གྱི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཡིན་པས་ཐེ་ལན་ཕྱོགས་ཀྱིས་ཀྲུང་གོར་དབུལ་སྒྲོལ་སོགས་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཡིད་སྨོན་བྱེད་ཀྱི་ཡོད། སང་ལོ་ཐེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང“ཐེ་ཀྲུང་མཛའ་གྲོགས་ཀྱི་གསེར་མདོག་ཅན་གྱི་ལོ་50”འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བརྩིས་ནས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ་ཐེ་ཀྲུང་འབྲེལ་བའི་འབྱུང་འགྱུར་གྱི་ལོ་50ཐུན་མོང་ཐོག་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་སིང་ནི་ཕན་ཚུན་མཛའ་མཐུན་གྱི་ཁྱིམ་མཚེས་དང་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཡིན། རྒྱལ་ཁབ་གཉིས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་པའི་སྐྱེད་སྲིང་ཞིབ་ཚགས་འོག་ཀྲུང་སིང་གི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་བཏོད་ཡོད། ན་ནིང་ཀྲུང་སིང་གི་འབྲེལ་བ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པ་དེས་སླད་ཕྱིན་ཀྲུང་སིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མིག་སྔར་རྒྱལ་ཁབ་གཉིས་པོ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་པ་དང་སང་ལོ་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བར་བསུ་བ་ཞུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་ཀྲུང་སིང་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་དང་། མཐོ་རིམ་དབར་འགྲོ་འོང་ཟབ་གཏོང་། ཟོལ་མེད་དང་ཕན་ཚུན་ཡིད་ཆེས་མཐའ་འཁྱོངས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག དེང་རབས་ཅན་གྱི་འགྲོ་ལམ་དུ་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་སིང་ཀ་ཕོར་ཞུགས་སྔ་བ་དང་། ཁྱབ་ཁོངས་རྒྱ་ཆེ་བ། གྲུབ་འབྲས་དངོས་ཐོབ་པ་བཅས་བྱུང་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ནས་སུའུ་ཀྲོའུ་བཟོ་ལས་གླིང་དང་། ཐེན་ཅིན་སྐྱེ་ཁམས་གྲོང་། ཁྲུང་ཆིང་གི་དཔེ་སྟོན་རང་བཞིན་གྱི་ཕན་ཚུན་འབྲེལ་མཐུད་དང་ཀོང་ཀྲོའུ་ཤེས་བྱའི་གྲོང་སོགས་ཀྱི་མཉམ་ལས་རྣམ་གྲངས་མུ་མཐུད་འཛུགས་སྐྲུན་ཡག་པོ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་འཕར་གཞི་གསར་པ་སྔར་བས་བཏོད་དེ་མི་ཆོས་རིག་གནས་ཀྱི་སྤེལ་རེས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བར་དགའ་བསུ་ཞུ་གི་ཡིན། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་གི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་གི་གར་སྟེགས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་མཉམ་དུ་དར་སྤེལ་གཏོང་འདོད་ཡོད།
ཧོང་ཞུན་ཚའེ་ཡིས་གསུངས་དོན། སིང་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་འགྲོ་འོང་བྱེད་ཟབ་པ་དང་། དཔལ་འབྱོར་གྱི་འབྲེལ་བའི་ཐད་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱུང་ཞིང་། ཕྱོགས་གཉིས་ཀྱིས་སུའུ་ཀྲོའུ་བཟོ་ལས་གླིང་བཙུགས་ནས་ལོ་30འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་ཡོད། སིང་ཀྲུང་གི་འབྲེལ་བ་ནི་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ལ་བརྟེན་པ་ཞིག་ཡིན་པས་གཉིས་ཁེ་གཉིས་ཕན་ཞིག་རེད། ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ལ་སིང་ཀ་ཕོར་ཕྱོགས་ཀྱིས་རྦད་དེ་བསམ་ཤེས་བྱེད་ཀྱི་ཡོད་ལ། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་ཀྱི་ཡོད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁེ་སེན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་10ཡི་གོང་། ང་རང་ནེའུ་ཙི་ལན་དུ་འཚམས་འདྲིར་ཡོང་སྐབས་ཕྱོགས་གཉིས་པོས་ཀྲུང་ནེའུ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་ཡོད། ལོ་10ཡི་རིང་། ཀྲུང་ནེའུ་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ནུས་ལྡན་ཕྱིན་ཡོད་པས་གཅེས་འཛིན་ལྡབ་བརྒྱ་བྱེད་འོས། ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་པོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཁོངས་ཞུགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། དཔལ་འབྱོར་གྱི་གསབ་རེས་རང་བཞིན་དང་གཉིས་ཕན་རང་བཞིན་ཆེན་པོ་ལྡན་པ་དང་། ཕྱོགས་གཉིས་པོའི་དབར་ལོ་རྒྱུས་ཀྱི་དགའ་སྡང་རྙོག་འཛིང་མེད་ལ་རྩ་བའི་ཁེ་ཕན་གྱི་གདོང་ཐུག་ཀྱང་མེད་སྟབས་ཕན་ཚུན་གོ་སྐབས་དང་རོགས་ཟླར་བརྩི་དགོས་པ་ལས་འགྲན་སློང་ངམ་འཇིགས་སྐུལ་དུ་བརྩི་མི་རུང་། བབ་བརླིང་དང་དམ་པ་དོན་གཉེར་གྱི་སྒོ་ནས་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བྱེད་པ་ལས་མི་མཐུན་པའི་ཆར་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཆན་རྟགས་འགོད་རྒྱུ་མེད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ“སྔོན་ཐོན་བརྩོན་ལེན”གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསྟུན་མཁས། མཉམ་ལས་ལ་དམིགས་པ། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཀྲུང་ནེའུ་འབྲེལ་བ་ཐུན་མོང་ཐོག་བཏོད་དེ་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ས་གནས་དང་། གཞོན་ནུ། སྨྱན་སྦྱོར། མཁས་དབང་སོགས་ལས་རིགས་ཁག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་རྨང་གཞི་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་འདི་ཉིད་ཐོངས་མཆན་མི་དགོས་པའི་ཁྱབ་ཁོངས་ནང་བཅུག་ཡོད་པས་ནེའུ་ཙི་ལན་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ལས་ཀ་དང་ཡུལ་སྐོར་ལ་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།
ལཱ་ཁེ་སེན་གྱིས་གསུངས་དོན། ཀྲུང་གོ་ནི་རླབས་ཆེ་བའི་རྒྱལ་ཁབ་ཅིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུབ་འབྲས་ཐོབ་པའི་ངང་ནེའུ་ཙི་ལན་དུ་འཚམས་འདྲི་གནང་ནས་ལོ་10སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཧ་ཅང་ཡག་པོ་ཕྱིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་འབྲེལ་ཐག་ཀྱང་ཧ་ཅང་དམ་དུ་ཕྱིན་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ནེའུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་གི་ཡོད། ཀྲུང་གོ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་། ལྗང་མདོག་འཕེལ་རྒྱས། གནམ་གཤིས་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་འདོད་ཡོད།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རིང་རི་པིན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་ཟིང་ཆེ་བ་དང་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་དེ་ལེགས་སུ་དང་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཀྲུང་གོ་དང་རི་པིན་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། གཉིས་ཀ་ཨེ་ཤེ་ཡ་དང་འཛམ་གླིང་གི་རྒྱལ་ཁབ་གལ་ཆེན་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཕྱོགས་གཉིས་ལས་བརྒལ་བའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་རི་པིན་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་དང་ཁ་ཕྱོགས་གཞིར་བཟུང་ཀྲུང་གོ་དང་རི་པིན“ཕན་ཚུན་མཉམ་ལས་ཀྱི་རོགས་ཟླ་ཡིན་པ་ལས་ཕན་ཚུན་འཇིགས་སྐུལ་ལ་མི་འགྱུར་བའི”ཐུན་མོང་གི་ངོས་འཛིན་གལ་ཆེན་བརྟན་སྲུང་བྱས་ཏེ་ཀྲུང་གོ་དང་རི་པིན་གྱི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་ཞིང་བརྟན་ལྷིང་གི་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་གཏོད་རྒྱུར་གཞོལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་འཕེལ་རྒྱས་ཕྱིན་པ་ནི་འཛམ་གླིང་གི་གོ་སྐབས་ཤིག་རེད་ལ། རི་པིན་སོགས་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ལ་མཚོན་ན་དེ་བས་ཀྱང་དེ་ལྟར་རེད། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡང་དག་པའི་ངང་ཕན་ཚུན་ཤེས་རྟོགས་བྱེད་པ་དང་། འཐབ་ཇུས་ཀྱི་མཐོ་ཚད་དང་སྤྱི་ཡོངས་ཀྱི་མཐོང་རྒྱའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་པ། ཕྱོགས་གཉིས་པོའི་དབར་གྲུབ་པའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དེ་ཞིབ་ཕྲའི་སྲིད་ཇུས་དང་བྱ་སྤྱོད་དངོས་ཀྱི་ཁྲོད་ནས་མཚོན་པར་བྱེད་པ། ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབྱུང་འགྱུར་ལ་ཕྱོགས་པ། ལོ་རྒྱུས་དང་ཐའེ་དབན་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་ཐག་གཅོད་གང་ལེགས་བྱེད་པ། དགེ་མཚན་ལྡན་པའི་སྒོ་ནས་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡག་པོ་སྲུང་དགོས། ཕྱོགས་གཉིས་པོས་མི་ཆོས་རིག་གནས་དང་ས་གནས་ཀྱི་སྤེལ་རེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་པར་དུ་གཞོན་ནུའི་མི་རབས་དབར་ཕན་ཚུན་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་རི་པིན་གྱི་དཔལ་འབྱོར་ཁེ་ཕན་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་དང་ཕྱོགས་གཉིས་པོས་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་མ་ལག་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བ་དང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཉམ་ལས་ཐད་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། སྒོ་དབྱེའི་ས་ཁོངས་རིང་ལུགས་དར་སྤེལ་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས།
ཧྲི་ཕོ་མའོ་ཡིས་གསུངས་དོན། རི་པིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་དང་དར་རྒྱས་གཏོང་བའི་འགན་འཁྲི་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རི་པིན་དང་ཀྲུང་གོའི་འཐབ་ཇུས་ཀྱི་གཉིས་ཕན་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དགེ་མཚན་ལྡན་ཞིང་བརྟན་ལྷིང་གི་རི་པིན་དང་ཀྲུང་གོའི་འབྲེལ་བ་འཛུགས་རྒྱུ་དེ་ས་ཁུལ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཐའེ་དབན་གྱི་གནད་དོན་ཐད་རི་པིན་ཕྱོགས་ཀྱིས་1972ལོའི་རི་པིན་དང་ཀྲུང་གོའི་མཉམ་འབྲེལ་གསལ་བསྒྲགས་བརྟན་སྲུང་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་གཏན་ནས་བཏང་མེད། རི་པིན་ཕྱོགས་ཀྱིས་རི་པིན་དང་ཀྲུང་གོའི་ཆབ་སྲིད་ཀྱི་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་དང་ཐུན་མོང་གི་ངོས་འཛིན་མཐའ་འཁྱོངས་དང་། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་འབྱུང་འགྱུར་ལ་ཕྱོགས་པའི་སྙིང་སྟོབས་ཐོག་ནས་ཀྲུང་གོ་ཕྱོགས་དང་རིམ་པ་ཁག་གི་ཟོལ་མེད་སྐད་ཆ་ཤོད་རེས་བྱས་ཏེ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་འདོད་ཡོད།