དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁག་བརྒྱད་པ་དང་བཅུ་པའི་བོད་སྐྱོར་ལས་བྱེད་པ་ལིའུ་ཧའེ་ཅང་གིས་བརྗོད་དོན།

    “སེམས་རྣལ་དུ་ཕབ་སྟེ་རང་གིས་ལྕོགས་ཚོད་ཀྱིས་ལས་ཀ་མང་ཙམ་བྱེད་ཀྱི་ཡིན”

    བོད་ཀྱི་ཡོད་ཚད་ལ་དགའ་བར་བརྟེན་ལིའུ་ཧའེ་ཅང་གིས་བོད་སྐྱོར་ཐེངས་གཉིས་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-18

    བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་དཔྱོད་ལག་རྩལ་ཆ་འཕྲིན་ཅན་གྱི་ལས་དོན་ཡག་པོ་བསྒྲུབས་ཤིང་། ཞིབ་དཔྱོད་ཁོངས་གཏོགས་སུ་ལས་ཀ་ལོ་11བྱེད་པའི་བརྒྱུད་རིམ་ནང་། ལིའུ་ཧའེ་ཅང་གིས་དུས་ཚོད་ཕྱེད་ཀ་ཙམ་གངས་ལྗོངས་ས་གཞིར་སྐྱེས་སུ་ཕུལ་ཡོད།

    ལིའུ་ཧའེ་ཅང་ནི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཁག་བརྒྱད་པ་དང་བཅུ་པའི་བོད་སྐྱོར་ལས་བྱེད་པ་ཡིན་ཞིང་། ད་ལྟ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ལས་དོན་འགན་སྲུང་པུའི་ཀྲུའུ་རེན་གཞོན་པའི་འགན་བཞེས་བཞིན་ཡོད། 2024ལོར་ཁོང“རྒྱལ་ཡོངས་ཀྱི་བོད་ལ་ཁ་གཏད་རོགས་སྐྱོར་སྔོན་ཐོན་མི་སྣར”བདམས་པ་རེད།

    “ངས་རང་འཁྲིའི་ལས་ཀ་བསྒྲུབས་པ་ཙམ་ཡིན”

    2016ལོ་དང་2022ལོར་ལིའུ་ཧའེ་ཅང་གིས་ལྷག་བསམ་དག་པོས་བོད་སྐྱོར་ཐེངས་གཉིས་བྱས་ཤིང་། བོད་དུ་སླེབས་མ་ཐག་ཁོང་གིས་ས་མཐོར་མི་འཕྲོད་པའི་དཀའ་ངལ་སྣ་ཚོཌ་ཁྱད་དུ་བསད་ཅིང་། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཞིབ་དཔྱོད་ཁང་དང་དེ་བཞིན་ཁོངས་གཏོགས་ཀྱི་གཞི་རིམ་ཁང་དུ་བསྐྱོད་དེ་ཞིབ་དཔྱོད་ལག་རྩལ་གྱི་ཆེད་དོན་བརྟག་ཞིབ་བྱས་ནས་བོད་ཀྱི་ཞིབ་དཔྱོད་ལག་རྩལ་འཕེལ་རྒྱས་འགྲོ་ཚུལ་དངོས་ཤེས་རྟོགས་ཐུབ་པ་མ་ཟད། ཕྲག་ཐོག་གི་འགན་འཁྲིར་ཡང་སྔར་བས་ངོས་འཛིན་གསལ་པོ་ཐུབ་ཡོད།

    བརྟག་ཞིབ་མཇུག་འགྲིལ་རྗེས་ལིའུ་ཧའེ་ཅང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཞིབ་དཔྱོད་ལག་རྩལ་ཆ་འཕྲིན་ཅན་གྱི་ལས་ཀའི་གནས་ཚུལ་བརྟག་ཞིབ་སྙན་ཞུ》བྲིས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བཀོལ་སྤྱོད་བདག་སྐྱོང་དོ་དམ་ལས་དོན་གྱི་ཚད་གཞི་དང་། བཀོལ་སྤྱོད་བདག་སྐྱོང་ལས་གནས་ཁག་གི་བདེ་འཇགས་བཀོལ་སྤྱོད་སྒྲིག་སྲོལ། དྲ་རྒྱའི་བདེ་འཇགས་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་ཐབས་སོགས་སྒྲིག་ཡིག་རབ་དང་རིམ་པ་བཟོས་ནས་ཆ་འཕྲིན་ལག་རྩལ་གྱི་བཀོལ་སྤྱོད་བདག་སྐྱོང་ལས་དོན་གྱི་ལམ་ལུགས་ཚད་ལྡན་མ་ལག་ཁྱོན་ཡོངས་ནས་བཙུགས་པ་རེད།

    བོད་ཡོངས་སུ་རིམ་གསུམ་ཞིབ་དཔྱོད་ཁང་གི་ཆ་འཕྲིན་ཅན་གྱི་བཀོལ་སྐྱོད་བདག་སྐྱོང་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། ལིའུ་ཧའེ་ཅང་གིས་དུས་ཡུན་རིང་པོའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཆ་འཕྲིན་ལག་རྩལ་ལྟེ་གནས་སུ་ལས་ཀ་བྱས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལྗོངས་ཕྱིའི་ཆ་འཕྲིན་ལག་རྩལ་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་དྲ་རྒྱའི་བདེ་འཇགས་དང་། གློག་རྡུལ་དཔང་རྟགས། རྗེས་ཤུལ་ཞིབ་བཤེར་སོགས་ཀྱི་ཆེད་ལས་གསོ་སྦྱོང་བྱས་པ་དང་། ལས་སྒོ་གཟེངས་སུ་ཐོན་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཞིབ་དཔྱོད་ལག་རྩལ་མི་སྣ་སློབ་ཁྲིད་བྱེད་པར་གདན་དྲངས་པ་རེད།

    ལིའུ་ཧའེ་ཅང་གིས“ལག་རྩལ་ཡག་པོ་དང་ཉམས་མྱོང་ཡག་པོ་བོད་དུ་འཁྲིད་ཐུབ་དོན་ནི་ཏང་ཀྲུང་དབྱང་གི་སྲིད་ཇུས་བཟང་པོ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ཁ་གཏད་རོགས་སྐྱོར་ཚན་པ་ཁག་གི་རྒྱབ་སྐྱོར་ལས་བྱུང་བས། ང་རང་མི་སྒེར་གྱིས་རང་འཁྲིའི་ལས་དོན་བསྒྲུབས་པ་ཙམ་ཡིན”ཞེས་བརྗོད།

    “བོད་སྐྱོར་ཐེངས་དང་པོ་མཇུག་འགྲིལ་རྗེས་རྟག་ཏུ་ལས་ཀ་བྱས་ཚར་མེད་པའི་ཚོར་སྣང་ཡོང་གི་འདུག”

    “བོད་སྐྱོར་ཐེངས་དང་པོ་མཇུག་འགྲིལ་རྗེས་ངའི་སེམས་ལ་བོད་ཀྱི་མི་དང་བྱ་བ་མཐའ་དག་དྲན་ནས་རྟག་ཏུ་ལས་ཀ་བྱས་ཚར་མེད་པའི་སྣང་བ་ཞིག་ཡོང་གི་འདུག”བོད་སྐྱོར་ཐེངས་གཉིས་དབར་བར་མཚམས་ཡོད་ཀྱང་ལིའུ་ཧའེ་ཅང་གི་ལས་སྒྲུབ་ལས་གཏོད་ཀྱི་ཆོད་སེམས་སྤུ་ཙམ་ཡང་ཉམས་མེད།

    ཞིབ་དཔྱོད་ལག་རྩལ་ཆ་འཕྲིན་ཅན་གྱི་འགོ་ཡག་པོ་ཞིག་འཛུགས་དགོས་ལ། དེ་བས་ཀྱང་ལས་དོན་བརྟན་པོ་དང་ཡག་པོ་སྤེལ་དགོས། བོད་སྐྱོར་ཐེངས་གཉིས་པ་བྱེད་རིང་ལིའུ་ཧའེ་ཅང་གིས་རིག་ལྡན་ཞིབ་དཔྱོད་འདུ་འགོད་དོན་འཁྱོལ་ལ་སྐུལ་འདེད་བཏང་ཞིང་། ལས་སྒོ་འཛུགས་སྐྱོང་ཐད“12309”ཡི་གཅིག་འཐུས་རྣམ་པའི་ཞབས་ཞུའི་ལས་སྟེགས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཏན་ཏིག་ཞུས་པ་དང་། རྨང་གཞིའི་འཛུགས་སྐྲུན་ཐད་ལྗོངས་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་རིམ་གསུམ་མཉམ་འགུལ་གྱི་ཞིབ་དཔྱད་ཚད་ལེན་དང་ལྟ་ཞིབ་ཚད་ལེན་གྱི་བདེ་འཇགས་འགོག་སྲུང་མ་ལག་བསྐྲུན་ནས་དྲ་རྒྱའི་བདེ་འཇགས་ལ་འགན་ལེན་རྒྱུན་མཐུད་བྱས་པ་རེད། ལག་རྩལ་འཛུགས་སྐྱོང་ཐད་གྲངས་གཞི་འཚོལ་བསྡུ་དང་། མཉམ་སྤྱོད། དབྱེ་ཞིབ་བཅས་གཞི་གཅིག་ཏུ་འདུས་པའི་གྲངས་འཛིན་ཞིབ་དཔྱོད་ལག་རྩལ་གྱི་འདེགས་སྐྱོར་ལས་སྟེགས་འཆར་འགོད་བྱས་ནས་གྲངས་གཞི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།

    མིག་སྔར། “བོད་ཀྱི་གནམ་སའི་སྲུང་སྐར་དཔང་ལེན་ལས་སྟེགས”སྤྱོད་འགོ་ཚུགས་ནས་གྱོད་གཞི་20ལྷག་ཙམ་ལ་ཁུངས་སྣེ་གྲལ་བཤེར་དང་། ལག་རྩལ་དཔང་ལེན། བཅོས་སྒྲིག་གི་ཕན་འབྲས་རྗེས་སྙེག་བཅས་བྱས་པར་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་དཔང་ལེན་ལ་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།

    “བོད་ལྗོངས་ཧ་ཅང་མཛེས་པ་དང་བོད་སྐྱོར་བྱེད་རིན་ཆེན་པོ་འདུག”

    ཚན་རྩལ་ལ་བརྟེན་ནས་ཞིབ་དཔྱོད་སྟོབས་ཆེར་གཏོང་བ་ནི་དུས་རབས་ཀྱི་དགོས་མཁོ་ཡིན་ལ། ཏང་དང་མི་དམངས་ཀྱི་རེ་སྒུག་ཀྱང་རེད།

    བོད་སྐྱོར་ཐེངས་གཉིས་བྱེད་རིང་། ལིའུ་ཧའེ་ཅང་གིས“རང་དོན་རྒྱབ་སྐྱུར་གྱི་སྙིང་སྟོབས”དང་། “བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས” “རང་ལས་གཞན་གཅེས་ཀྱི་བསམ་བློ”བཅས་ལ་བརྟེན་ནས་བོད་ཀྱི་ཞིབ་དཔྱོད་ལག་རྩལ་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་དང་། དེང་རབས་ཚན་རྩལ་བཀོལ་སྤྱོད་དང་ཞིབ་དཔྱོད་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད།

    “བོད་སྐྱོར་ལས་དོན་ཁག་བརྒྱད་པའི་མཇུག་འགྲིལ་རྗེས་ཧའེ་ཅང་པེ་ཅིང་དུ་ལོག་མོད། འོན་ཀྱང་ལག་རྩལ་གྱི་དགོས་མཁོ་དང་ཧ་མི་གོ་བ་གང་ཡོད་ཀྱང་ང་ཚོས་ད་དུང་ཡང་ཁོང་ལ་ཁ་པར་བརྒྱབ་ནས་འདྲི་ཡི་ཡོད། སྐབས་དེ་དུས་ད་དུང་ཧའེ་ཅང་ལ་ཀུ་རེ་རྩེ་ནས་སླར་ཡང་ཡོང་འདོད་འདུག་དམ་ཞེས་སྐད་ཆ་དྲིས་པ་ཡིན། རྗེས་སུ་ཁོང་དངོས་གནས་སླེབས་བྱུང”ཞེས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་ཏེང་ཅེ་ཡིས་བརྗོད།

    བོད་སྐྱོར་བྱེད་རིང་བག་ཆགས་ཟབ་ཤོས་སྐོར་གླེང་སྐབས་ལིའུ་ཧའེ་ཅང་གིས་གསར་འགོད་པར་གཏམ་རྒྱུད་ཆུང་ཆུང་ཞིག་བརྗོད་བྱུང་།

    བོད་སྐྱོར་ཐེངས་དང་པོའི་འཁོར་ཞག་རིང་ལིའུ་ཧའེ་ཅང་ནང་མི་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་ལེགས་པོ་རོང་དུ་ཡུལ་སྐོར་ལ་བསྐྱོད་པ་དང་། ལམ་བར་དུ་ས་གནས་དེ་གའི་ཡུལ་མིར་ལམ་འདྲི་སྐབས་ཡུལ་མི་ཞིག་གིས་སེམས་རྩ་འཁོལ་པོས་མཛེས་ལྗོངས་ཁུལ་ངོ་སྤྲོད་བྱས་ཏེ་ཁོང་ཚོ་ཉེ་འགྲམ་གྱི་གནའ་བོའི་སྐྲུན་དངོས་ལ་ལྟ་སྐོར་བྱེད་པར་འཁྲིད། ལིའུ་ཧའེ་ཅང་བོད་སྐྱོར་ལས་བྱེད་པ་ཡིན་པ་ཤེས་རྗེས་ཡུལ་མི་དེས“ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བར་ཐུཌ་རྗེ་ཆེ་ཞུ་རྒྱུ་ཡིན། མི་སེར་ལ་ཕན་ཆེན་པོ་ཐོགས་བྱུང”ཞེས་ཡང་ཡང་བརྗོད།

    དོན་དག་དེར་ཕྱིར་དྲན་བྱེད་སྐབས་ཡུལ་མི་དེའི་གཞུང་དྲང་བབ་ཆགས་དང་ལྷག་བསམ་རྣམ་དག་གི་འཛུམ་མདངས་སླར་ཡང་སེམས་ལ་འཁོར་ཞིང་། ལིའུ་ཧའེ་ཅང་གིས“བོད་ལྗོངས་ཧ་ཅང་མཛེས་པ་དང་བོད་སྐྱོར་བྱེད་རིན་ཆེན་པོ་འདུག ད་ལྟ་སེམས་རྣལ་དུ་ཕབ་ནས་རང་གིས་ལྕོགས་ཚོད་ཀྱིས་ལས་ཀ་མང་ཙམ་བྱས་ཏེ་འབྱུང་འགྱུར་བློ་ཕམ་མི་ཡོང་བར་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།