ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ།
—— བོད་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སྐོར་གྱི་ལྟ་ཞིབ།
ས་མཐོའི་སྟོན་དུས་སུ་ནམ་མཁའ་གཡའ་དག་ཅིང་། དེ་ནི་འོད་ཤུགས་པང་ལེབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད། ས་བབ་མཐོ་ཚད་སྨི་4800ཡོད་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གཞུ་སྨད་ཤང་ཧོར་སྡེ་གྲོང་ཚོར་འོད་ཤུགས་པང་ལེབ་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོ་ཡོད་པ་དང་། རྣམ་གྲངས་དེ་ཟླ་དགུ་པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་དྲ་སྦྲེལ་ཐུབ་སྟེ་གློག་གཏོང་འགོ་ཚུགས་པ་དང་ཆབས་ཅིག“ལྗང་མདོག་གློག”ཀྱང་བཏང་བ་རེད།
དེ་ནི་ལྷ་སའི་སྙེ་མོ་ར་སྡེའི་དུས་ཐེངས་དང་པོའི་ཆན་ཝ་ཁྲི་10ཟིན་པའི་ཕྱུགས་རྩྭ་དང་གློག་འོད་གསབ་རེས་ཀྱི་འོད་ཤུགས་གློག་གཏོང་རྣམ་གྲངས་ཤིག་ཡིན་ཞིང་། ཀྲུང་གོ་ཆུ་བེད་ཆུ་གློག་ལས་གྲྭ་ཅུས་དགུ་པའི་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་པ་དང་། དེར་ས་བབ་མཐོ་ལ་གཞི་ཁྱོན་ཆེ་བའི་གློག་རྫས་འགྱུར་ནུས་གསོག་མ་ལག་ཡོད་པ་དང་ཁྱོན་རུ་སྟར་གྲུ་བཞི་28དང་ཁག་7259སྒྲིག་སྦྱོར་བྱས་ཡོད་པས། ལོ་རེའི་ཆ་སྙོམས་ནུས་ཕྱོད་ཀྱིས་ཁེངས་པའི་ཆུ་ཚོད་1856ཟིན་གྱི་ཡོད་པས་ས་གནས་དེ་གའི་གྲོང་མིའི་གློག་གི་གནད་དོན་ཐག་གཅོད་ཤུགས་ཆེན་ཐུབ་རྒྱུ་རེད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་གློག་དྲ་རིམ་སྤོར་མཆོང་སྐྱོད་བྱས་པ་ལས་ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མ་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་བྱས་ཤིང་། མིག་སྔར། ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་99%ལྷག་ཙམ་ཟིན་ནས་སྤྱིར་ན་ཕྱོགས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་འདོན་ཐུབ་ནས། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྱི་བསྡུར་གྲངས་བཟུང་ཚད་མཐོ་ཤོས་ཀྱི་ཞིང་ཆེན་རིམ་པའི་གློག་དྲར་གྱུར་ཡོད་པ་རེད། ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མས་ཞིང་ཆེན་གཞན་ལ་རིམ་བཞིན་ཕན་པ་ཐོབ་ཅིང་། 2015ལོར“བོད་གློག་ཕྱིར་གཏོང”ཐུབ་པ་ནས་བཟུང་། བོད་ཀྱི་ནུས་རྒྱུ་གཙང་མ་དག་ཀྲུང་ཧྭའི་ཤར་རྒྱུད་དང་། དབུས་རྒྱུད། བྱང་རྒྱུད་བཅས་དང་དེ་བཞིན་ནུབ་བྱང་དང་ལྷོ་ནུབ་སོགས་ས་ཁུལ་དུ་ཕྱིར་གཏོང་བྱས་ཡོད།
བོད་ཀྱིས་ཆུ་དང་། རླུང་། འོད་སོགས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་པ་ཕུད། ད་དུང་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག མཐོ་གསར་གྲངས་འཛིན། བོད་ཀྱི་གསོ་བ་རིག་པ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་མུ་མཐུད་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་ས་མཐོའི་ཡང་བའི་བཟོ་ལས་སོགས་གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནང་སྐྱེས་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ལ་མཚོན་ན། བོད་ཀྱིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཧུར་ཐག་བྱས་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་དང་ཁྲོམ་ར་གསར་འབྱེད་ལ་ཡར་རྒྱས་མངོན་གསལ་བྱུང་ཡོད། རང་བརྟེན་ཞིབ་སྤེལ་བྱས་པའི་ནས་ཀྱི་སོན་བཟང་རིམ་བཞིན་མང་དུ་ཕྱིན་པ་དང་ནས་ལས་བཟོས་པའི་ནས་ཆང་དང་། ཏན་ཞིམ། ཐུག་པ། ཟས་ཚབ་ཕྱེ་མ་སོགས་ཐོན་རྫས་རབ་དང་རིམ་པ་རྒྱལ་ནང་གི་ཞིང་ཆེན་གཞན་དུ་ཕྱིར་ཚོང་བྱེད་པ་མ་ཟད། ད་དུང་ནེ་པ་ལ་དང་ཁ་ན་ཏ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།
བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་མུ་མཐུད་ཁུལ་ལྡན་ར་དཀར་པོ་གསོ་ཚགས་བྱེད་པའི་སྲོལ་རྒྱུན་དར་སྤེལ་བཏང་ཡོད། དུས་ཡུན་རིང་པོའི་ནང་བྲིན་ཁ་རྒྱུག་པོ་མེད་པ་དང་མང་ཚོགས་ཀྱི་ཁྲོམ་རའི་འདུ་ཤེས་ཟབ་པོ་མེད་པ་སོགས་ཀྱི་ཤུགས་རྐྱེན་འོག་དེ་གའི་ཁུ་ལུ་བྲིན་ཁ་རྒྱུག་པོ་མེད་པར་བརྟེན་འབྲོག་པའི་ཡོང་འབབ་འཕར་ཚད་འགོར་པོ་ཡོད།
རྣམ་པ་དེར་འགྱུར་ལྡོག་གཏོང་ཆེད། ས་གནས་དེ་གས་ཧོ་པེའི་བོད་སྐྱོར་ཚོགས་པའི་རོགས་སྐྱོར་འོག་ཁུ་ལུ་ཐོན་ཚད་དང་ཁུ་ལུའི་ཞིབ་ཚད་སོགས་ཀྱི་དམིགས་ཚད་གཞིར་བཟུང་། སྤུས་ལེགས་ཀྱི་ཁུལ་ལྡན་ར་དཀར་པོ་རྒྱུད་སྤེལ་དང་ཉར་འཇོག་བྱས་ནས་ཁུལ་ལྡན་ར་དཀར་པོའི་ཁྱུ་ཚོགས་རྒྱུན་ཆད་མེད་པར་མང་དུ་བཏང་སྟེ་དེའི་སྤྱི་ཡོངས་ཀྱི་སྤུས་ཚད་རིམ་བཞིན་མཐོ་རུ་བཏང་ཡོད། 2023ལོར་རུ་ཐོག་རྫོང་དུ་སྤེལ་བའི་ཧབ་ཚོང་བྱེད་སྒོའི་ཁྲོད་ཁུ་ལུའི་རིན་གོང་མཐོ་ཤོས་སྤྱི་རྒྱ་གཅིག་ལ་སྒོར་1355ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཁུ་ལུའི་ཐོན་རྫས་ཁོ་ན་ལས་ས་གནས་དེ་གའི་འབྲོག་པ་དུད་ཚང་རེར་ལོ་རེར་འབབ་འཕར་སྒོར་ཁྲི་ཁ་ཤས་བྱུང་ཡོད་པ་རེད།
བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ནུས་ལྡན་ངང་བསྒྱུར་བ་དང་དུས་མཚུངས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་འཚོལ་ཞིབ་བྱས་ཏེ་ས་གནས་མང་པོ་ཞིག་གིས་ཡུལ་བབ་དང་བསྟུན་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཟུང་འབྲེལ་དང་། ཡུལ་སྐོར་དང་ལུས་རྩལ་ཟུང་འབྲེལ། ཡུལ་སྐོར་དང་མི་རིགས་ལག་ཤེས་བཟོ་ལས་ཟུང་འབྲེལ་བཅས་དྲ་ཐོག་ཚོང་དོན་དང་། རིག་གནས་ཡུལ་སྐོར། ཞིང་འབྲོག་ཐོན་ལས་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཚོད་ལྟ་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཉན་ཏུང་གིས་བོད་ཀྱིས་སླད་ཕྱིན་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་བྱེད་པ། ས་ཁོངས་ཀྱི་ལེགས་ཆ་མངོན་པ། རྗེས་ཐོན་ལེགས་ཆ་ཡག་པོ་སྤྱོད་པ། དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་ཡོང་བ་བཅས་བྱས་ནས་ལེགས་ཆ་ཁག་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུ་ཡིན་ཞེས་བརྗོད།