དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་བཏོན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤེ་ཅ་ཉིང་དང་ཡན་ཧོན།   |     སྤེལ་དུས།  2024-11-16

    “ཕེ་རུ་དང་ཀྲུང་གོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་མི་དམངས་དབར་གྱི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་པ་ཞིག་ཡོད” ཉེ་ཆར་ཕེ་རུའི་རྒྱལ་བཙུགས་ཧྲེང་མ་ཁོའོ་སི་སློབ་ཆེན་ཨེ་ཤེ་ཡ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁ་ལུའོ་སི·ཨ་ཅི་ནུའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ཕེ་རུའི་རྒྱལ་བཙུགས་ཧྲེང་མ་ཁོའོ་སི་སློབ་ཆེན་གྱིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་མཐོ་སློབ་མང་པོ་དང་མཉམ་འབྲེལ་ཞིབ་འཇུག་རྣམ་གྲངས་སྤེལ་བ་དང་འབྲེལ་གྲུབ་འབྲས་ཀྱང་ཐོབ་ཡོད་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཕེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཐེབས་རྒྱུའི་ང་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཨ་ཅི་ནུའོ་ཡིས“ལོ་400ལྷག་ཙམ་གྱི་གོང་དུ་ཕེ་རུ་དང་ཀྲུང་གོའི་མི་དམངས་ཀྱིས་རྒྱ་མཚོ་ཆེ་མོ་བརྒལ་ནས་ཕྱོགས་གཉིས་པོའི་དབར་འགྲོ་འོང་བྱེད་འགོ་ཚུགས་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་དང་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་དབར་འགྲོ་འོང་སྔར་བས་མང་དུ་ཕྱིན་པ་དང་ཕེ་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཐད་གསབ་རེས་རང་བཞིན་ཆེན་པོ་ལྡན་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་འདི་ཉིད་ལོ་10བསྟུད་མར་ཕེ་རུའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ་དང་། ཕེ་རུ་ནི་ལ་ཏིང་མེ་གླིང་དུ་ཀྲུང་གོའི་མ་འཇོག་བྱ་ཡུལ་ཆེ་ཤོས་གཉིས་པ་དེ་རེད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་ཕེ་རུར་མ་འཇོག་དང་གཉེར་སྐྱོང་བྱས་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཡོད”ཅེས་བརྗོད།

    ཕེ་ཀྲུང་རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་མང་པོ་ཞིག་ཐོན་ཡོད། ཨ་ཅི་ནུའོ་ཡིས“ཀྲུང་གོ་ཚུད་པའི་ཨེ་ཤེ་ཡའི་ཁྲོམ་ར་ནི་ཕེ་རུ་སོགས་མེ་གླིང་ལྷོ་མའི་རྒྱལ་ཁབ་ཀྱི་ཕྱིར་གཏོང་བྱ་ཡུལ་གལ་ཆེན་ཞིག་རེད། ཆན་ཁའེ་གྲུ་ཁ་བསྐྲུན་པ་དང་བསྟུན་ནས་མེ་གླིང་ལྷོ་མ་དང་ཨེ་ཤེ་ཡའི་དབར་དེ་བས་སྟབས་བདེ་དང་དེ་བས་ཐད་སྐྱོད་བགྲོད་ལམ་ཡོད་པ་དང་སྐྱེལ་འདྲེན་མ་གནས་ཆེས་ཆེར་ཆག་ནས་ཚོང་དོན་གྱི་སྤྱི་འབོར་ཆེས་ཆེར་འཕར་རེ་ཡོད”ཅེས་བརྗོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཕེ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལས་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད། ཨ་ཅི་ནུའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཕེ་རུར་ཁུང་ཙི་སློབ་གླིང་4ཡོད་པ་དང་སློབ་ཁྲིད་བྱེད་སྟངས་དང་སློབ་ཚན་ཚང་མར་ས་གནས་དེ་གའི་སློབ་མའི་དགའ་བསུ་ཐོབ་པ་རེད། ལོ་ལྟར་ཕེ་རུའི་སློབ་མ་ཀྲུང་གོར་ཡོང་ནས་རྒྱ་ཡིག་སློབ་སྦྱོང་དང་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱས་ཏེ་ཕེ་ཀྲུང་དབར་གྱི་མཛའ་གྲོགས་མུ་མཐུད་རྒྱུན་འཛིན་བྱེད་པར་སྟོབས་ཤུགས་གསར་པ་སྦྱིན་ཡོད།

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་དུས་བཀག་ཚོགས་འདུའི་ལམ་སྲོལ་བཙུགས་ཚུན། ས་ཁོངས་ཀྱི་ཚོང་དོན་དང་། མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན། དཔལ་འབྱོར་ལག་རྩལ་འཕེལ་རྒྱས། དངོས་ཟོག་དང་མི་སྣ་འགྲོ་འོང་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཨ་ཅི་ནུའོ་ཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སྒྲིག་སྲོལ་གྱི་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་ཀྱི་དུས་མཚམས་འདྲ་གི་མེད་ཀྱང་། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་སོགས་ཀྱི་འགྲན་སློང་དྲག་པོར་ཁ་གཏད་འོས་འཚམ་བཅག་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་སྲུང་སྐྱོང་བྱས་ཡོད། མིག་སྔར། ཁོངས་ཞུགས་རྒྱལ་ཁབ་ཁག་གིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་མཉམ་འགུལ་རྒྱུན་འཁོར་ཡོང་བར་སྐུལ་འདེད་གཏོང་བ། འབྲེལ་ཡོད་ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་གྱི་གྲོས་ཆོད་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཉིས་ཁེ་གཉིས་ཕན་བྱུང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།