གཞིས་རྩེར་འབྲུ་རིགས་སྣ་ལྔས་བང་མཛོད་བྱུར་བུར་གཏམས།
བརྔ་བསྡུ་འཕྲུལ་འཁོར་གྱིས་རྒྱལ་རྩེའི་ཞིང་ནང་དུ་བཙས་མ་རྔ་བཞིན་པ།
རྒྱལ་རྩེ་རྫོང་དུ་ལོ་ལེགས་བྱུང་བའི་ཞིང་པའི་གདོང་ནས་འཛུམ་མདངས་འཕྱུར་བ།
རྣམ་གླིང་རྫོང་དུ་ཞིང་འཕྲུལ་གྱིས་ནས་འབྲུ་འདོན་བཞིན་པ།
རྣམ་གླིང་རྫོང་དུ་བརྔ་བསྡུ་འཕྲུལ་འཁོར་གྱིས་བཙས་མ་རྔ་བཞིན་པ།
ལྷ་རྩེ་རྫོང་གི་དང་བླངས་པས་བཙས་མ་རྔ་རོགས་བྱེད་བཞིན་པ།
མུའུ་ཁྲི་ཟིན་པའི་རྒྱལ་རྩེ་རྫོང་གི་ནས་ཞིང་ཡིན་པ།
འབྲས་ལྡན་སྟོན་ཁར། སླར་ཡང་ལོ་ལེགས་བྱུང་ནས་གང་སར་ནས་ཀྱི་དྲི་ཞིམ་འཐུལ་ཞིང་། མི་རྣམས་དགའ་བའི་འཛུམ་གྱིས་བརྟས།
གཞིས་རྩེ་གྲོང་ཁྱེར་གྱི་ས་གནས་ཁག་གི་ཞིང་ནང་དང་མུ་ཁར་སྟོན་བསྡུའི་ལས་ལ་བྲེལ་ཞིང་། སྙན་འཇེབས་གླུ་དབྱངས་ཁྲོད་ནས་ཞིང་པ་རྣམས་སྟོན་བསྡུའི་ལས་ལ་གཞོལ་བཞིན་མཆིས།
ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་ལྷ་རྩེ་གྲོང་ཚོའི་ཡུལ་མི་ཚོས་གཡུལ་ཐང་དུ་གཡས་གཞོགས་གཡོན་འདེགས་ངང་གཡུལ་ལས་བྱེད་བཞིན་འདུག “ན་ནིང་དང་བསྡུར་ན། ད་ལོའི་ཐོན་འབབ་དགའ་འོས་པ་ཞིག་ཡོད་པ་མ་ཟད། སྟོན་བསྡུའི་ལས་ཀ་ཕྱོགས་ཡོངས་ནས་འཕྲུལ་འཁོར་ཅན་དུ་གྱུར་ཏེ་སྟོན་བསྡུའི་དཀའ་ཚེགས་ཀྱང་ཆུང་དུ་ཕྱིན་ནས་ཚང་མ་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་ཡོད”ཅེས་ལྷ་རྩེ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཆུང་ལགས་ཀྱིས་བརྗོད།
གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་ལྕང་ར་གྲོང་ཚོར་ཡང་ཡུལ་མི་རྣམས་སྟོན་བསྡུའི་ལས་ལ་བྲེལ་ཞིང་། “ངའི་ཁྱིམ་ལ་ཞིང་ཁ་མུའུ་52ཡོད། བཟའ་འབྲུ་འདང་ངེས་ཡོད་པའི་ཁར་ས་ཞིང་ཁོ་ན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་3ཡས་མས་ཡོང་གི་འདུག ན་ནིང་ལས་ད་ལོའི་ཐོན་འབབ་ཅུང་མང་བ་འདུག”ཅེས་ལྕང་ར་གྲོང་ཚོའི་ཡུལ་མི་སྐལ་བཟང་གིས་བརྗོད་པ་དང་། ཁོང་གིས“སྔོན་མ་ནས་འདེབས་པ་ནི་མང་ཆེ་བ་རང་ཁ་རང་གསོ་བྱ་ཆེད་ཡིན་མོད། ད་ཆ་བཏབ་པའི་ནས་ཀྱིས་ཆང་དང་། རྩམ་པའི་ཏན་ཞིམ། ཞོ་ཡོས་སོགས་ཀྱི་ཐོན་རྫས་བཟོ་ཆོག་པས་ཐོན་རྫས་དང་བྲིན་ཚོང་གི་ཐབས་ལམ་ཡངས་སུ་ཕྱིན་པ་མ་ཟད། ཞིང་པ་རྣམས་ཀྱི་ཡོང་འབབ་ཀྱང་རིམ་བཞིན་མང་དུ་ཕྱིན་ཡོད”ཅེས་བརྗོད།
པ་སྣམ་རྫོང་དཔའ་རྩལ་ཤང་དུ་རྒྱལ་ལམ་ངོགས་གཉིས་ཀྱི་ས་མཐོའི་གསེར་མདོག་ཞིང་ཁར་མི་རྣམས་སྟོན་བསྡུའི་དགའ་བར་རོལ་ཞིང་། དཔའ་རྩལ་ཤང་དཀྱིལ་མཁར་གྲོང་ཚོའི་རྫོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་བསྟན་འཛིན་གྱིས་ཀྱང་ཉིན་འདི་དག་རིང་གཞུང་ལས་ཁང་ཞིང་ནང་དང་མུ་ཁར་སྤོས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་སྟོན་བསྡུའི་ལས་ལ་མཛུབ་ཁྲིད་བྱེད་བཞིན་ཡོད། “སྟོན་ཁ་མ་ཤར་གོང་། ང་ཚོས་ཞིང་འཕྲུལ་མཉམ་ལས་ཁང་གི་ཞིང་དུད་སྒྲིག་འཛུགས་བྱས་ཏེ་ཞིང་འཕྲུལ་ཉམས་བཟོ་བདག་སྐྱོང་བྱས་པ་དང་འབྲེལ། ལོ་ཏོག་བསྡུ་རན་པ་དག་རིམ་བཞིན་བསྡུས་པ་ཡིན། ད་ལོ་རྫོང་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་12.74ཟིན་པ་དང་། སྔོན་དཔག་བྱས་ན། འབྲུ་རིགས་ཀྱི་ཐོན་འབབ་ཏུན་ཁྲི་5ཡན་མུ་མཐུད་རྒྱུན་འཁྱོངས་ཐུབ་བཟོ་ཡོད”ཅེས་བསྟན་འཛིན་གྱིས་ངོ་སྤྲོད་བྱས།
ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་ལ་ལྟ་སྐབས། ད་ཆ་གཞིས་རྩེ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་བོའི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་བརྟན་པོར་འཕར་ནས“བོད་ཀྱི་འབྲུ་མཛོད”དེ་བས་འབྲུ་ཡིས་ཁེངས་ཡོད། ད་ལོའི་ཟླ་10པའི་བར། གཞིས་རྩེ་གྲོང་ཁྱེར་གྱིས་མུའུ་ཁྲི་117.53ཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་བསྐྲུན་ནས་ཆ་སྙོམས་མུའུ་རེ་ནས་འབྲུ་རིགས་ཐོན་འབབ་སྤྱི་རྒྱ་25འཕར་ཏེ་སོན་བཟང་འགན་ལེན་ཐུབ་ནུས་མུ་མཐུད་ཆེ་རུ་ཕྱིན་ཡོད།