དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ཁག་བདུན་པའི་ལས་བྱེད་པ་ཧུའུ་ཀང་གིས།

    གཞི་རིམ་སློབ་གསོར་གཞི་ཚུགས་ནས། དངོས་སྒྲུབ་འགན་འཁུར་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-15

    ཧུའུ་ཀང་ནི་ད་ལྟ་ཨན་ཁང་གྲོང་ཁྱེར་སློབ་ཆུང་དང་པོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་ཡིན་ཞིང་། 2013ལོའི་ཟླ་7པ་ནས་2016ལོའི་ཟླ་7པའི་བར། ཧྲའན་ཤིས་ཞིང་ཆེན་བོད་སྐྱོར་ཁག་བདུན་པའི་ལས་བྱེད་པའི་གྲས་ཤིག་ཡིན་པས། ཁོང་གིས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་བོད་སྐྱོར་ལས་དོན་སྒྲུབ་པར་ཡོང་སྟེ་སྤུ་ཧྲེང་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་སློབ་གསོ(ལུས་རྩལ)ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་ཁུར།

    བོད་སྐྱོར་ལས་དོན་སྒྲུབ་པའི་ལོ་གསུམ་རིང་། ཧུའུ་ཀང་གིས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པར། ཐོག་མཐའ་བར་གསུམ་དུ་དངོས་འཛིན་དངོས་སྒྲུབ་དང་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོར་དཀའ་ངལ་ཁྱད་བསད་ཀྱིས་རང་ཉིད་ཀྱི་བློ་གྲོས་བཏོན་ཡོད།

    འགོ་འཛུགས་ས་གསར་པར་གཞི་ཚུགས་ནས་དངོས་སྒྲུབ་དོན་འཁྱོལ་བྱས་པ།

    སྤུ་ཧྲེང་དུ་ཐོག་མར་འབྱོར་སྐབས། ཧུའུ་ཀང་ལ་བོད་སྐྱོར་ལས་བྱེད་པ་ཚང་མར་འཕྲད་ངེས་ཀྱི་ས་མཐོ་མི་འཕྲོད་པ་དང་། གསོ་རླུང་མི་འདང་བ། མགོ་ན་བ། གཉིད་མི་ཁུག་པ། གོམ་པ་ཁ་ཤས་སྤོས་ཚེ་གཟུགས་པོ་མི་བདེ་བ་བཅས་ཀྱི་སྣང་ཚུལ་ཐོན་ཡོད། དེ་ལྟར་ཡིན་ནའང་ཁོང་གིས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་སྤུ་ཧྲེང་རྫོང་གི་སློབ་གྲྭ་ཁག་གི་སློབ་གཉེར་གནས་ཚུལ་ཤེས་རྟོགས་བྱས་ཡོད།

    བརྟག་ཞིབ་བྱེད་རིང་། ཁོང་གིས་དགེ་རྒན་བཟའ་ཚོ་གཉིས་ཀྱིས་ལོ་རིམ་གཉིས་ལ་དོ་དམ་ཞིབ་ཚགས་བྱེད་པ་མཐོང་བ་དང་། སློབ་སྐྱོར་སློབ་གྲྭ་ཆེ་མོ་བ་ཚོས་སློབ་མར་སློབ་ཁྲིད་ཚ་ཚ་འུར་འུར་བྱེད་བཞིན་པ་སོགས་མཐོང་བས་ཁོང་གིས་བོད་སྐྱོར་ལས་དོན་གྱི་དམིགས་བསལ་དོན་སྙིང་དེ་བས་ཤེས་རྟོགས་ཐུབ་ནས་བོད་སྐྱོར་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། “ཐག་རིང་ལུང་ཁུག་ལའང་སྔར་བཞིན་དཔེ་ཁྲིད་མི་སྐྱོང་གི་འགན་འཁྲི་བརྟན་སྲུང་བྱེད་མཁན་ཡོད་པ་མཐོང་སྐབས། ལས་འགན་སྒྲུབ་སེམས་ཆེན་པོ་ཞིག་ངའི་སེམས་ནང་ངམ་ངམ་ཤུགས་ཀྱིས་སླེབས་བྱུང”ཞེས་ཧུའུ་ཀང་གིས་མྱོང་ཚོར་ཟབ་མོས་བཤད།

    དུས་འགོའི་བརྟག་ཞིབ་བརྒྱུད། ཧུའུ་ཀང་གིས་བོད་སྐྱོར་ལས་བྱེད་པ་ཚད་ལྡན་ཞིག་བྱེད་དགོས་ན་ངེས་པར་དུ་ས་གནས་དེ་གའི་ལོ་རྒྱུས་དང་། རིག་གནས། གོམས་སྲོལ་བཅས་ལ་རྒྱུས་ལོན་དགོས་པ་དང་། སློབ་ཁྲིད་ཞིབ་འཇུག་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་ན་སྤུ་ཧྲེང་གི་སློབ་གསོའི་གནས་བབ་ངེས་པར་དུ་ཤེས་རྟོགས་བྱེད་དགོས་པ་གསལ་པོ་ཤེས།

    དེར་བརྟེན་ཁོང་གིས་སྤུ་ཧྲེང་རྫོང་གི་ལོ་རྒྱུས་རིག་གནས་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་པ། བོད་སྐད་སྦྱོང་བ། རྫོང་ཡོངས་ཀྱི་སློབ་གྲྭ་ཚང་མར་བརྟག་ཞིབ་ལ་བསྐྱོད་པ། རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭར་དངོས་སྡོད་བཅས་བྱས་ཏེ་སློབ་གྲྭའི་དཀའ་ངལ་དང་སློབ་ཁྲིད་ལས་ཀའི་གནས་ཚུལ་ས་གནས་ས་ཐོག་ཏུ་ཤེས་རྟོགས་བྱས་པ་རེད།

    འཇུག་སྒོ་འཕྱུགས་མེད་བཙལ་ནས་སློབ་དཔྱོད་ལ་དམ་འཛིན་ཏན་ཏིག་བྱས་པ།

    སྤུ་ཧྲེང་རྫོང་གི་སློབ་ཁྲིད་སྤུས་ཚད་སྤྱིར་ན་ཡག་པོ་མེད་པའི་གནས་ཚུལ་ལ་དམིགས་ནས། ཧུའུ་ཀང་གིས་བརྟག་ཞིབ་དང་བཅར་འདྲི་བྱེད་པར་ཐེངས་མང་བསྐྱོད་དེ་དགེ་རྒན་གྱི་ཚན་ཞིབ་ནུས་པར་དམ་འཛིན་ཏན་ཏིག་བྱ་རྒྱུ་འཇུག་སྒོར་བྱས་ནས། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སེམས་ཐག་བཅད།

    ཧུའུ་ཀང་གིས་འཕྲལ་མར་ལས་དོན་སྤེལ་འགོ་བཙུགས་ཏེ་སྤུ་ཧྲེང་རྫོང་གི་དགེ་རྒན་གྱི་སློབ་ཁྲིད་འགྲན་བསྡུར་སྒྲིག་འཛུགས་བྱས། དེ་གོང་བྱེད་སྒོ་དེ་རིགས་སྤེལ་མྱོང་མེད་པས་ཐོག་མར་དགེ་རྒན་མང་པོ་ཞིག་དཀའ་ངལ་ལ་སྐྲག་པ་དང་། དེའི་ནང་ཞུགས་འདོད་ཆེན་པོ་མེད་སྟབས་ཁོང་གིས་ལྕག་སྐུལ་དང་སྐུལ་སློང་ཡང་ཡང་བྱས། སློབ་ཁྲིད་མཁས་པ་ཞིག་ཡིན་པའི་ཁོང་གིས་རང་འགུལ་ངང་འགྲན་ཞུགས་དགེ་རྒན་ཚོར་དཔེ་སྟོན་སློབ་ཁྲིད་དང་ཆེད་དོན་གསོ་སྦྱོང་བྱས་པས་དགེ་རྒན་ཚོའི་སློབ་དཔྱོད་བྱེད་སྒོར་ཞུགས་པའི་ཧུར་སེམས་དེ་བས་ཆེ་རུ་ཕྱིན་ཡོད། ཧུའུ་ཀང་གིས་ལོ་3བསྟུད་མར་རྫོང་ཡོངས་ཀྱི་གཞོན་དར་རྐང་འཛིན་དགེ་རྒན་གྱི་སློབ་ཁྲིད་འགྲན་བསྡུར་སྒྲིག་འཛུགས་བྱས་པ་དང་། འགྲན་བསྡུར་ལ་བརྟེན་ནས་ཞིབ་འཇུག་ལ་སྐུལ་མ་གཏོང་བའི་བྱ་ཐབས་བརྒྱུད་དགེ་རྒན་ཚོའི་ཁས་ལེན་རྒྱ་ཁྱབ་ངང་ཐོབ་ཡོད།

    དོན་ལ་བབས་ས་བརྟན་པོར་བཟུང་ནས་རང་འགན་གཙང་སྒྲུབ་ཀྱིས་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

    དགེ་རྒན་གྱི་སློབ་ཁྲིད་ནུས་པ་ཆེ་རུ་གཏོང་བ་ཙམ་མ་ཟད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མངའ་རིས་ས་ཁུལ་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཚོགས་ཆུང་གི་ཁོངས་མི་ཞིག་ཡིན་པའི་ཧུའུ་ཀང་གིས་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ཡོད།

    ས་མཐོར་གསོ་རླུང་མི་འདང་བ་དང་ཁོར་ཡུག་ཞན་པའི་འགྲན་སློང་འཕྲད་སྐབས་ཁོང་གིས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད། བོད་སྐྱོར་ལོ་གསུམ་བྱེད་རིང་། ཁོང་མངའ་རིས་ས་ཁུལ་ནུབ་རྒྱུད་ཀྱི་རྫོང་4ཡི་སློབ་གྲྭ་ཁག་དང་སློབ་ཁྲིད་ས་ཚིགས་ཚང་མར་འགྲོ་མྱོང་ཡོད།

    སློབ་གྲྭ་གང་དུ་སླེབས་ཀྱང་ཁོང་གིས་སློབ་སྤྱི་དང་། དགེ་རྒན། སློབ་མ་བཅས་དང་བཞུགས་མོལ་བྱེད་པའི་རྣམ་པར་བརྟེན་ནས། སློབ་གྲྭའི་སྤྱི་ཡོངས་ཀྱི་གནས་ཚུལ་དུས་ཐོག་དང་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། སློབ་གྲྭའམ་སློབ་ཁྲིད་ས་ཚིགས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་བྱེད་ཐུབ་པའི་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

    ལོ་གསུམ་གྱི་བོད་སྐྱོར། ཚེ་གང་གི་རྗེས་དྲན། ཧུའུ་ཀང་གིས་མངའ་རིས་སུ་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་མཇུག་བསྒྲིལ་མོད། འོན་ཀྱང་ཁོང་གིས་བཏབ་པའི་རེ་བའི་ས་བོན་ཉིན་རེ་བཞིན་འཚར་ལོངས་བྱུང་ནས་འབྲས་བུ་སྨིན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།