དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས”

    ​—— སོ་ཏི་ཨ་རབ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ཅི་ལན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-14

    རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པ་མི་རིང་བར་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་འཚོག་རྒྱུ་རེད། སོ་ཏི་ཨ་རབ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སོ་ཏི་ཨ་རབ་ཨ་ཅི་ལན་གཅེན་གཅུང་མ་རྐང་ཚོད་འཛིན་ཚོགས་པའི་ཏུང་ཧྲི་ཀྲང་གཞོན་པ་མུའུ་ཧན་མོ་ཏེ·ཨེར·ཨ་ཅི་ལན་གྱིས། ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“རྒྱལ་ཁབ་ཉི་ཤུ་ཚོགས་པ་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་བྱེད་པ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་དབུ་ཚོགས་ཐོག་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་བརྟན་ལྷིང་རང་བཞིན་སྣོན་རྒྱུ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཨ་ཅི་ལན་གྱིས་ངོས་འཛིན་བྱས་དོན། ཉེ་བའི་ལོ་ཤས་རིང་སོ་ཏི་ཨ་རབ་དང་ཀྲུང་གོ་ཚུད་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ཡར་སྐུལ་བྱེད་པ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལྷོ་ལྷོ་མཉམ་ལས་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་འབོད་སྒྲ་ཧུར་ཐག་འདོན་པ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཇུས་གཞིར་བརྟེན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱི་ཡོད། ཨ་ཅི་ལན་གྱིས“འབྲེལ་གཏུག་ལ་ཤུགས་སྣོན་དང་། ཕན་ཚུན་ཡིད་ཆེས་ཆེར་གཏོང་། མཐུན་སྒྲིལ་མཉམ་ལས་བཅས་བྱས་པ་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་ཉིད་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད”ཅེས་བརྗོད་པ་རེད།

    ཨ་ཅི་ལན་གྱིས“སོ་ཏི་ཨ་རབ་དང་ཀྲུང་གོ་གཉིས་ཀ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཡིན་པ་དང་ཚང་མ་འཛམ་གླིང་གི་ཞི་བདེ་དང་ས་ཁོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད” དབུས་ཤར་ས་ཁུལ་གྱི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་ཡིན་པའི་སོ་ཏི་ཨ་རབ་ཀྱིས་དཔལ་འབྱོར་སྣ་མང་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡུན་རིང་འཕེལ་རྒྱས་ཀྱི་འཐབ་ཇུས་ཤིག་ཏུ་བརྩིས་ནས“སོ་ཏི་ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང‘རྒྱུད་གཅིག་ལམ་གཅིག’མཉམ་བསྐྲུན་གྱི་གྲོས་འགོ་དང་སོ་ཏི་ཨ་རབ་ཀྱི‘2030ལོའི་ཕུགས་འདུན’དབར་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཉིན་བཞིན་རྙོག་འཛིང་ཆེ་རུ་འགྲོ་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་སྟོབས་ཤུགས་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།