སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཁུར་པོ་ཡང་དུ་བཏང་བའི་མཐོང་ཐོས།
ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་སྐབས“མུ་མཐུད་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་གཞི་རིམ་ལས་བྱེད་པས་དུས་ཚོད་དང་སེམས་ནུས་དེ་བས་མང་བ་སྤྱད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
དུས་རབས་གསར་པ་ཤར་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལ་དམ་འཛིན་བྱས་ཏེ་ཕྱི་ཚུལ་རིང་ལུགས་མུ་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ཡོད། འདི་ལོའི་ཟླ་8པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》བཀྲམ་སྟེ་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་རྒྱག་པ་དང་གཞི་རིམ་དུ་ཕྱི་ཚུལ་རིང་ལུགས་ཉུང་དུ་གཏོང་བ་དང་དངོས་སྒྲུབ་དང་འགན་འཁྲི་མང་ཙམ་འཁུར་ཐོག་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་ཡོང་ཐབས་བྱས་ཡོད།
ཉེ་ཆར་གསར་འགོད་པ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་གཞི་རིམ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་བྱས་པ་བརྒྱུད་གཞི་རིམ་གྱི་ཁུར་པོ་ཡང་དུ་དང་ངར་ཤུགས་ཆེ་རུ་ཕྱིན་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་གཞི་རིམ་གྱི་ཁུར་པོ་ཡང་དུ་འགྲོ་བར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་ཤེས་རྟོགས་བྱུང་བ་རེད།
དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ་ནི་ཧྥུའུ་ཉིང་གྲོང་རྡལ་གྱི་ལས་དོན་གཙོ་བོ་རེད། སྔོན་ཆད་ལྟར་ན། བཀོད་སྒྲིག་ཚོགས་འདུ་དང་། མཐུན་སྦྱོར་ཚོགས་འདུ། སྐུལ་སྤེལ་ཚོགས་འདུ་བཅས་ཀྱི་ཚོགས་འདུ་གཅིག་རྗེས་གཉིས་མཐུད་འཚོགས་དགོས་མོད། ད་ཆ་ལོ་ཕྱེད་ཙམ་གྱི་རིང་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་ཐེངས་གཅིག་ལས་འཚོགས་མེད་པ་དང་ཚོགས་འདུའི་ཐོག་མཉམ་དུ་ལས་བགོས་བཀོད་སྒྲིག་བྱས་རྗེས་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཡོད། ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྥེན་ཧོ་གྲོང་ཁྱེར་ཧྥུའུ་ཉིང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིན་ཡུས་ཐའོ་ཡིས“ཚོགས་འདུ་ཐུང་ངུ་འཚོག་པ་དང་སྐད་ཆ་ཐུང་ལ་ནང་དོན་རྡོག་རྡོག་བཤད་དེ་འགག་རྩ་ནི་ཏན་ཏན་ཏིག་ཏིག་ངང་ལས་དོན་བསྒྲུབ་དགོས”ཞེས་བཤད་པ་རེད།
“གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ང་ཚོས་ད་དུང་ཁྱད་ལྡན་དམངས་སྲོལ་གནས་ཚང་དང་ཞིང་པའི་སྤྲོ་སྐྱིད་ཁང་བསྐྲུན་དགོས་པ་མ་ཟད། གངས་འཁྱགས་རྣམ་གྲངས་ཀྱང་འཆར་འགོད་བྱེད་བཞིན་ཡོད”ཅེས་གྲོང་ཚོར་བརྟག་ཞིབ་བྱེད་པའི་ལམ་བུའི་ཐོག་ཆིན་ཡུས་ཐའོ་ཡིས་གོམ་སྟབས་རྗེས་མའི་ལས་ཀའི་བསམ་ཕྱོགས་སྐོར་གླེང་།
“ཨ་ཁུ་ཚོ་དང་ཨ་ཅག་ལགས། སྟབས་བདེའི་མཐེབ་མནན་འདི་མནན་ཚེ་མགྱོགས་མྱུར་སྤ་སེ་ཉོ་ཐུབ”ཅེས་ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དབན་པོ་ལིན་ཆུས་ཤིན་ཧྭ་ཁྲོམ་གཞུང་པིན་ཧོ་སྡེ་ཁུལ་གྱི་བྱེད་སྒོ་ཁང་དུ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཅ་ཡིས་རིག་ནུས་ལག་འཁྱེར་ཁ་པར་སྤྱོད་སྟངས་སློབ་བཞིན་ཡོད་པ་དང་། རྒན་རྒོན་བཅུ་གྲངས་ཁ་ཤས་མཉམ་དུ་བསྡད་དེ་ཉན་གིན་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད།
ལོ་76ལ་སླེབས་པའི་སྡེ་ཁུལ་གྱི་གྲོང་མི་ཀྲང་ལེན་ལེན་གྱིས“གཞོན་ནུ་ཚོས་ལག་ཐོགས་ཁ་པར་རྩེད་རྒྱུར་དགའ་པོ་བྱེད་པ་ངས་གཞི་ནས་ཤེས་སོང་དེ་ལས་ཤེས་བྱ་མང་པོ་སྦྱོང་རྒྱུ་འདུག ང་ཚོར་སློབ་མཁན་མེད་པར་ག་ལ་ཤེས”ཞེས་གད་མོ་དགོད་བཞིན་བཤད།
ཀྲུང་ཤིན་དཔེ་སྐྲུན་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཝུའེ་ཡིས“ང་ཚོས་གྲངས་འཛིན་རིག་ནུས་དཔེ་སྐྲུན་འགོ་འཛུགས་སར་བྱས་ནས་གསར་གཏོད་ཀྱི་གྲུབ་འབྲས་དང་སྲོལ་རྒྱུན་གྱི་དཔེ་སྐྲུན་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་ནུས་པ་ཐོན་ཐུབ་པ་བྱས་ཏེ་དཔེ་སྐྲུན་མཉམ་འདྲེས་འཕེལ་རྒྱས་དང་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པའི་ཁྲོད་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་ནུས་པ་གལ་ཆེན་འཚོལ་ཞིབ་གཏིང་ཟབ་བྱས་ཐོག་ནང་དོན་སྤུས་ལེགས་དང་དེ་བས་འབྲེལ་འདྲིས་ཐུབ་པ་དང་ཆེད་ལས་ཤེས་བྱ་དེ་བས་མི་སེམས་ལ་ཟུག་པ་བྱས་ཏེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།