ལུས་སྟོབས་རྒྱས་ནས་འཚར་ལོངས་ཡོང་བར་ཕན།
སྒེར་རྩེ་རྫོང་སློབ་ཆུང་གཉིས་པའི་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ལས་དོན་གྱི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། སྒེར་རྩེ་རྫོང་སློབ་ཆུང་གཉིས་པས་རྐང་རྩེད་སྤོ་ལོའི་ཚོགས་པ་དང་། རྐང་རྩེད་སྤོ་ལོའི་འགྲན་བསྡུར། སློབ་གྲྭའི་རྐང་རྩེད་སྤོ་ལོའི་སྒྱུ་རྩལ་དུས་ཆེན་སོགས་ཀྱི་གཞི་རྟེན་བརྒྱུད་རྐང་རྩེད་སྤོ་ལོའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ། སློབ་རའི་རྐང་རྩེད་སྤོ་ལོའི་ལུས་རྩལ་ཐད་རང་ཉིད་ཀྱི་ཁྱད་ཆོས་མངོན་པ་དང་། 2016ལོར་སློབ་གསོ་པུས“རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་རྐང་རྩེད་སྤོ་ལོའི་ཁྱད་ཆོས་ལྡན་པའི་སློབ་གྲྭ”ཞེས་པའི་མཚན་སྙན་སྤྲད་པ་རེད།
སློབ་གྲྭས་སྣ་མང་ཅན་གྱི་ལུས་རྩལ་སློབ་ཁྲིད་བྱེད་སྟངས་སྤྱད་དེ་ལུས་རྩལ་ཐད་ཀྱི་སློབ་མའི་སྤྲོ་སྣང་འཕེལ་བར་བྱས་ཤིང་། ལུས་རྩལ་སློབ་ཚན་གྱིས་རོལ་རྩེད་དང་འགྲན་བསྡུར་ཟུང་དུ་འབྲེལ་ནས་སློབ་མ་ཚོར་བག་ཕེབས་དང་སྐྱིད་སྣང་དོད་པའི་ཁྲོད་གཟུགས་པོར་སྦྱོང་བརྡར་དང་རྩལ་ནུས་ཁོང་དུ་ཆུད་པར་བྱེད་ཀྱི་ཡོད། དུས་མཚུངས་སུ་སློབ་མའི་ལོ་ཚོད་དང་། ཕོ་མོ། དགའ་ཕྱོགས་བཅས་ཀྱི་ཁྱད་ཆོས་གཞིར་བཟུང་། ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། བྱ་སྒྲོའི་སྤོ་ལོ་སོགས་སྣ་མང་ཅན་གྱི་ལུས་རྩལ་འདེམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་པས། སློབ་མའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་འཕེལ་རྒྱས་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་པ་བྱུང་ཡོད།
གཞན་ཡང་། སྒེར་རྩེ་རྫོང་སློབ་ཆུང་གཉིས་པས་ད་དུང་དེང་རབས་སློབ་གསོའི་ལག་རྩལ་ནང་འདྲེན་ཧུར་ཐག་བྱས་ཏེ། བརྒྱུད་ལམ་སྣེ་མང་དང་རྟོག་བཟོའི་དོན་དངོས་སོགས་ཀྱི་བྱ་ཐབས་སྤྱད་ནས་སློབ་ཁྲིད་ལ་རམ་འདེགས་བྱས་ཤིང་། སློབ་མ་ཚོར་ལུས་རྩལ་ཤེས་བྱ་དང་རྩལ་ལག་གི་གནད་འགག་སྔར་བས་ཐད་ཀར་ཤེས་རྟོགས་ཐུབ་ཡོད།
ཉེ་བའི་ལོ་ཤས་རིང་། སློབ་གྲྭས་ཚད་ལྡན་ཅན་གྱི་མཆོང་རྒྱུག་འཕེན་གསུམ་དང་། རྐང་རྩེད་སྤོ་ལོ། ལན་ཆིའུ་སྤོ་ལོ་སོགས་ཀྱི་ར་བ་གསར་དུ་བསྐྲུན་པ་མ་ཟད། སྔོན་ཐོན་གྱི་ལུས་རྩལ་ཡོ་བྱད་དང་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད། དུས་མཚུངས་སུ་སློབ་གྲྭས་ལོ་རེར་དུས་བཀག་ལྟར་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་དང་། ལན་ཆིའུ་སྤོ་ལོའི་འགྲན་བསྡུར། རྐང་རྩེད་སྤོ་ལོའི་འགྲན་བསྡུར་སོགས་རྒྱུན་གཏན་གྱི་འགྲན་བསྡུར་གཉེར་བ་དང་འབྲེལ། སློབ་མ་རྫོང་རིམ་པ་དང་དེ་བཞིན་ལུས་རྩལ་འགྲན་བསྡུར་གཞན་དག་ནང་ཞུགས་རྒྱུར་ལྕག་སྐུལ་ཡང་བྱེད་ཀྱི་ཡོད།
ལུས་རྩལ་གྱི་ཁྱད་ཆོས་ལྡན་པའི་སློབ་མར་སློབ་གྲྭས་ཆེད་མངགས་སྦྱོང་བརྡར་དང་མཛུབ་ཁྲིད་བྱས་ནས་ཁོ་ཚོའི་མི་མངོན་པའི་སྟོབས་ཤུཌ་གང་ལེགས་འདོན་རོགས་བྱེད་ཀྱི་ཡོད། ཤེས་ལྡན་པ་གསོ་སྐྱོང་བྱེད་རིང་། སློབ་གྲྭས་སློབ་མའི་ལུས་རྩལ་གྱི་རྩལ་ནུས་ལ་དོ་ཁུར་བྱེད་པ་མ་ཟད། ད་དུང་སློབ་མའི་རིག་གནས་བྱང་ཚད་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་ཡང་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ཕུལ་བྱུང་ལུས་རྩལ་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་ཀྱི་ཡོད།