ནག་ཆུའི་ཨ་མདོ་རྫོང་དུ།
ངལ་རྩོལ་གྱི་གླུ་སྒྲ་རྒྱུན་ཆད་མེད་པར་གྲགས།
རླངས་འཁོར་བཏང་སྟེ་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དུ་འབྱོར་སྐབས། ཨ་སྔོན་སྤྲིན་དཀར་དང་། ཡངས་པའི་རྩྭ་ཐང་། ཐག་རིང་གི་ནོར་ཁྱུས་བག་ཕེབས་ངང་རྩྭ་ཟ་བ་བཅས་ཀྱི་ཉམས་དགའ་བའི་རྣམ་པ་མིག་ལམ་དུ་མངོན། བོད་རིགས་སྤུན་ཟླ་གླུ་ལེན་གར་འཁྲབ་ལ་མཁས་ཟེར་བ་སྔ་མོ་ནས་ཐོས་མྱོང་ལ། ལྷག་པར་དུ་མཛེས་པའི་ཡུལ་ལུང་དེ་ལྟ་བུར་རང་དབང་མེད་པར་སྐྱིད་གླུ་ཞིག་ལེན་མི་འདོད་མཁན་སུ་ཞིག་ཡོད་དམ།
གླུ་སྒྲ་གསལ་པོ་ཐག་རིང་ནས་མཆེད་ཡོང་། དེ་ནི་ང་ཚོ་མིན་པར་ཨ་མདོ་རྫོང་གི་དམངས་གཞས་སྒྱུ་རྩལ་པ་ཚེ་རིང་ཐུབ་མཐར་དང་དཔལ་དགེ་རེད།
ཨ་མདོ་རྫོང་དུ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཡོད་པ་དཔེར་ན། ཨ་མདོའི་ཚྭ་གླུ་དང་། བལ་གཞས། བྱང་ཐང་གི་ཨ་མདོའི་གཏམ་དཔེ། ཨ་མདོའི་དིང་གླིང་སྒྱུ་རྩལ་སོགས་ཡོད་པ་དེ་དག་རོལ་དབྱངས་སྒྱུ་རྩལ་དང་སྐད་ཆའི་སྒྱུ་རྩལ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
ཚེ་རིང་ཐུབ་མཐར་ནི་ཡུལ་དེ་གར་སྐད་གྲགས་ཡོད་པའི་ཚྭ་གླུ་ལེན་མཁན་ཞིག་རེད། ཁོང་གིས་ལུས་ལ་གོས་ཆེན་སྔོན་པོས་མཐའ་རྒྱན་བཏང་བའི་ཕྱུ་པ་ལི་ཝང་མདོག་དང་མགོ་ལ་ཨ་མདོའི་ཝ་ཞྭ་གྱོན་པ་དང་། རྐང་པར་འཇུར་རྟ་ཡུ་རིང་ཞིག་གྱོན་ཡོད་པས་ཧ་ཅང་རྫིག་ཉམས་དོད།
དཔལ་དགེ་ནི་ཨ་མདོའི་ཡུལ་དུ་སྐད་གྲགས་ཆེན་པོ་ཡོད་པའི་བལ་གཞས་ལེན་མཁན་ཞིག་རེད། བལ་གཞས་ནི་མི་རྣམས་ཀྱིས་བལ་འབྲེག་ཞོར་དུ་ལེན་པའི་ལས་གཞས་ཡིན་པ་དང་། ལོ་རེའི་བོད་ཟླ་བདུན་པའི་ཟླ་དཀྱིལ་དུ་འབྲོག་པ་ཚོས་བཀྲ་ཤིས་པའི་ཉི་མ་ཞིག་བདམས་ནས་དེ་ཉིན་ལུག་རྫིས་ཞོགས་པ་སྔ་པོ་ནས་ལུག་ཁྱུ་ལྷས་རའི་ནང་འཇུག་པ་དང་། བལ་འབྲེག་མཁན་ཚོས་གླུ་ལེན་ཞོར་དུ་བལ་འབྲེག་གི་ཡོད། ལུག་ཁྱུ་འདྲོགས་དུས་ཧ་ཅང་རྔམ་བརྗིད་ལྡན་ཞིང་། དེ་ལྟ་བུའི་འཁྲུག་ཆ་དོད་པའི་གནས་སུ་ལུག་500ལྷག་ཙམ་གྱི་བལ་སྤྱིར་བཏང་མི་བདུན་བརྒྱད་ཀྱིས་ཉིན་གཅིག་གི་ནང་བྲེགས་ཚར་གྱི་ཡོད་པ་རེད།
བལ་གཞས་ཀྱི་གཞས་ཚིག་ནི་ཉིན་དེའི་ལས་ཀའི་གོ་རིམ་ལྟར་ཡིན་ཏེ་དཔེར་ན་བལ་མ་བྲེགས་སྔོན་ལ་བཀྲ་ཤིས་པའི་སྨོན་ལམ་འདེབས་པ་དང་། ཐོ་རེངས་སུ་ལུག་ཁྱུ་ཕྱོགས་གཅིག་ཏུ་རུབ་རུབ་བྱས་ནས་བཀྲ་ཤིས་སྨོན་ཚིག་ཞུ་བ་དང་ཆབས་ཅིག་བལ་འབྲེག་འགོ་རྩོམ་གྱི་ཡོད་པ་རེད།
དམངས་གཞས་དེ་དག་གི་སྔོན་ཆད་ཀྱི་སྐོར་གླེང་སྐབས་རྒྱུན་འཛིན་པ་གཉིས་དགའ་ཚོར་ཆེན་པོ་བྱུང་ནའང་། ད་ཆའི་རྒྱུན་འཛིན་སྐོར་གླེང་སྐབས་སེམས་ཁྲལ་བྱེད་ཀྱི་འདུག “ད་ཆ་ཚྭ་ལེན་དུ་འགྲོ་མཁན་མེད་ལ་ཚྭ་གླུ་ལེན་ཤེས་མཁན་ཡང་མེད” “གཞོན་ནུ་ཁག་གཅིག་གིས་བལ་གཞས་ལེན་ཤེས་ཀྱང་ཕལ་ཆེ་བས་ཆ་ཚང་པོ་ཤེས་ཀྱི་མེད”སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་དེ་དེང་རབས་ཅན་དུ་གྱུར་པ་དང་བསྟུན་ནས་ལས་གཞས་ཁག་གཅིག་རྒྱུན་ཆད་ཉེན་ཡོད་པ་རེད།
ལོ་བརྒྱ་ཕྲག་རིང་ཁྱབ་པའི་སྲོལ་རྒྱུན་གྱི་དམངས་གཞས་དེ་རང་ཉིད་ཀྱི་དུས་འདིར་ཉམས་སུ་འཇུག་མི་རུང་། ཚེ་རིང་ཐུབ་མཐར་དང་དཔལ་དགེ་གཉིས་ཀྱིས་དགེ་ཕྲུག་སྐྱོང་གི་ཡོད་ཅིང་། ཚེ་རིང་ཐུབ་མཐར་གྱི་དགེ་ཕྲུག་ནི་ཁོང་གི་བུ་གཉིས་ཡིན་པ་དང་དཔལ་དགེ་ལ་དགེ་ཕྲུག་10ཡོད། “ཁོང་ཚོས་སློབ་སྦྱོང་ཧུར་ཐག་བྱས་ནས་མུ་མཐུད་དར་སྤེལ་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།
ནག་ཆུ་གྲོང་ཁྱེར་དང་ཨ་མདོ་རྫོང་སྲིད་གཞུང་གིས་དམངས་གཞས་རྒྱུན་འཛིན་ལ་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། རྫོང་གི་རིག་གནས་བྱེད་སྒོར་རྟག་ཏུ་དམངས་གཞས་སྒྱུ་རྩལ་པ་དེ་དག་གདན་དྲངས་ནས་འཁྲབ་སྟོན་བྱེད་དུ་འཇུག་གི་ཡོད་པ་མ་ཟད། ད་དུང་རྟག་ཏུ་ཆེད་དོན་འགྲན་བསྡུར་ཡང་བྱེད་ཀྱི་ཡོད་པ་རེད། དཔེར་ན་ད་ལོའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་ནང་བལ་གཞས་འགྲན་བསྡུར་ཆེ་མོ་གཉེར་བ་རེད། གྲོང་ཚོ་རེ་ནས་མི་10རེ་མངགས་ཏེ་འགྲན་བསྡུར་ནང་ཞུགས་པ་དང་རྩྭ་རིང་གྲོང་རྡལ་ཁོ་ནར་མི་30ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད། དེ་ནས་གྲོང་རྡལ་ནང་གི་ཨང་རིམ་དང་པོ་ནས་གསུམ་པ་བར་རྫོང་དུ་བསྐྱོད་ནས་འགྲན་བསྡུར་བྱས་པར་དཔལ་དགེར་གྲོང་རྡལ་དུ་ཨང་དང་པོ་དང་རྫོང་དུ་ཨང་གསུམ་པ་ཐོབ་པ་རེད།
འཚོལ་བསྡུ་དང་། ཟིན་འགོད། དཔེ་སྐྲུན་སོགས་མྱུར་སྐྱོབ་རང་བཞིན་གྱི་བྱེད་ཐབས་ལས་གཞན་ད་དུང་ལས་གཞས་དེ་དག་རྒྱ་ཁྱབ་ཏུ་དར་སྤེལ་དང་གཏོང་ལེན་བྱས་ན་མུ་མཐུད་རྒྱུན་འཛིན་ཐུབ་ངེས་རེད།
“གཞོན་ནུ་དེ་བས་མང་བར་གླུ་ལེན་དུ་བཅུག་ནས་གླུ་གཞས་དེ་མུ་མཐུད་རྒྱུན་འཛིན་གྱིས་དགེ་ཕྲུག་སྔར་བས་མང་བར་སློབ་དགོས”ཞེས་ཚེ་རིང་ཐུབ་མཐར་དང་དཔལ་དགེ་གཉིས་ཀྱིས་ང་ཚོར་བཤད།