ཡིད་འོང་ཇ་ར། སྒོ་འགྲམ་གྱི་ཇ་ཤིང་སྡོང་རྒན་ལ་མྱུ་གུ་འབུས་པ།
ཟླ་9པའི་ཟླ་སྟོད་དུ་འཕྲིན་སྤེལ་ཚོགས་ཆུང་བོད་ལྗོངས་ཉིང་ཁྲི་སྤོ་བོ་རྫོང་གི་ཡིད་འོང་ཇ་རར་འབྱོར།
ཡིད་འོང་ཇ་ར་ནི་གཞི་ཁྱོན་ཅན་དུ་འདེབས་འཛུགས་བྱེད་པའི་བོད་ཀྱི་ཇ་ཞིང་དང་པོ་དེ་ཡིན་ལ། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་སྐྱེ་ལྡན་ཇ་ལོའི་ཐོན་སྐྱེད་རྟེན་གཞི་ཞིག་ཀྱང་རེད།
ལོ་61གི་གོང་དུ་གཡག་རྔ་མོང་ཏིང་རི་བོའི་ཇ་མྱུག་དེ་གར་བཏབ་ནས་བོད་དུ་ཇ་ལོ་འདེབས་པའི་ལོ་རྒྱུས་ཀྱི་འགོ་ཚུགས།
མོང་ཏིང་རི་བོ་ནས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”བར།
“ད་ལྟ་ང་ཚོ་སྡོད་སའི་ས་ཆ་འདིར་ས་བབ་མཐོ་ཚད་སྨི་2280ཡོད། ཉིང་ཁྲིར་བོད་ཀྱི‘སྔོ་ལྗང་མཛེས་ལྗོངས་ཁུལ’ཞེས་འབོད་པ་དང་དེར་མཁའ་རླུང་དང་གནམ་གཤིས་ཧ་ཅང་ཡག་པོ་ཡོད”ཡིད་འོང་ཇ་རའི་སྤྱི་ཁྱབ་ཅིང་ལི་ཏེང་ཞུའེ་ཅུན་ནི་སི་ཁྲོན་བ་ཞིག་ཡིན་ཞིང་། བོད་དུ་ཡོང་ནས་ལོ་30ལྷག་ཙམ་རིང་ཁོང་གིས་ཉིང་ཁྲིའི་གནམ་གཤིས་དང་ས་བབ་ནི་ཧ་ཅང་གནས་ཟོས་བདེ་བ་ཞིག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
རླངས་འཁོར་བཏང་སྟེ་ཡིད་འོང་ཇ་རའི་རི་ལམ་དུ་བསྐྱོད་དེ་ཇ་ཞིང་ལ་ལྟ་སྐབས་དེ་གར་ལྗང་མདོག་གི་ཇ་ལོ་སྟུག་པོས་ཁེངས། ཡིད་འོང་ཇ་རའི་ཐོན་སྐྱེད་པུའི་པུའུ་ཀྲང་བསམ་དོན་ནོར་བུས“ཇ་ར་ཧྲིལ་པོར་རྒྱ་ཁྱོན་མུའུ་5350ཡོད་པ་དང་མིག་སྔར་ཇ་ལོ་འཐུ་རྒྱུ་ཡོད་པའི་རྒྱ་ཁྱོན་མུའུ་3200ཡོད་པ་དེ་དག་ཚང་མ་གཡག་རྔའི་མོང་ཏིང་རི་བོ་ནས་དྲངས་པའི་ཇ་ལོ་ཤ་སྟག་རེད”ཅེས་ངོ་སྤྲོད་བྱས།
ལྗང་མདོག་གི་རྣམ་པ་འདི་གྲུབ་སླ་པོ་ཞིག་གཏན་ནས་མིན། 1961ལོར་ཡིད་འོང་ཞིང་ར་བཙུགས་ནས་ཇ་ལོ་ཚོད་འདེབས་བྱེད་འགོ་བཙུགས་པ་དང་། 1964ལོར་སི་ཁྲོན་གཡག་རྔའི་མོང་ཏིང་རི་བོ་ནས་འཁྱེར་ཡོང་བའི་ཇ་འབྲུ་དེ་གར་བཏབ་པར་གསོན་ཚད་85%ཟིན་ཏེ་ཡིད་འོང་ཇའི་དུས་རབས་ཀྱི་འགོ་ཚུགས། 1993ལོར་ཡིད་འོང་ཞིང་རའི་མིང་ཡིད་འོང་ཇ་རར་བསྒྱུར་བ་རེད།
ན་ནིང་ཡིད་འོང་ཇ་རའི་ལས་གཉེར་ཡོང་འབབ་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ལི་གོ་ལིན་དགུང་ལོ་བརྒྱད་ཅུར་ཉེ་བ་དང་ཡིད་འོང་ཇ་རར་ཚང་མས་ཁོང་ལ“དགེ་རྒན་ལི་ལགས”ཞེས་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད། 《སྐྱེ་ལྡན་ཇ་ལོའི་བདག་སྐྱོང་ལག་དེབ》ཀྱི་རྩོམ་པ་པོ་ཁོང་གིས་ཡུལ་དེར་བརྩེ་བ་ཟབ་མོ་བཅངས་ཡོད།
1994ལོའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་གཙོ་གནད་གཅིག་ནི་ཡིད་འོང་ཇ་ར་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་རྒྱུ་དེ་རེད། ཇའི་ལས་རིགས་ཡག་པོ་སྒྲུབ་ཆེད། སྐབས་དེ་དུས་ཡིད་འོང་ཇ་རའི་འགོ་གཙོའི་འགན་འཁུར་བཞིན་པའི་ཕག་སྐྱག་གཡག་རྔར་བསྐྱོད་དེ་ལི་གོ་ལིན་ཡིད་འོང་ཇ་རར་བོད་སྐྱོར་བྱེད་པར་གདན་ཞུས། དེ་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་ནང་ལི་གོ་ལིན་དེ་ཁུལ་གྱི་ལག་རྩལ་འགན་འཁུར་བར་གྱུར་ནས་ཁྲོན་བོད་ས་ཁུལ་གཉིས་སུ་ཕར་འགྲོ་ཚུར་འོང་ཐེངས་མང་བྱས་ཏེ། ཡིད་འོང་ཇ་རར་ལག་རྩལ་གསར་ཤོས་ཁྱབ་གདལ་བཏང་།
ལི་གོ་ལིན་གྱིས“གངས་ལྗོངས་ཀྱི་ཇ་ལོ”ནི་གསེར་བྱང་ཞིག་ཡིན་ནའང་། ཡིད་འོང་ཇ་རའི་ཇ་ལོ་འདེབས་འཛུགས་སམ་ཡང་ན་ཇ་ལོ་ལས་སྣོན་གྱི་བཟོ་རྩལ་ཞིབ་ཚགས་པོ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།
“སྔོན་ཐོན་གྱི་ལག་རྩལ་སྤྱད་དེ་ཞིབ་ཚགས་ཅན་གྱི་ཐོན་སྐྱེད་བྱས་ཚེ་གཞི་ནས་ཁྲོམ་ར་གཏོད་ཐུབ”ཁོང་གི་གྲོས་འགོའི་འོག་ཇ་རར་སྔོན་ཐོན་གྱི་ཇ་ལོ་ལས་སྣོན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་མ་ཟད། ཇ་ལོ་བསྙལ་ནས་ཉར་ཚགས་བྱེད་བདེ་ལ་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་ཇ་ལེབ་བཟོས་པ་རེད།
སྒྲིག་ཆས་སྒྲིག་སྦྱོར་ཟིན་རྗེས་གལ་ཆེ་ཤོས་ནི་བཟོ་རྩལ་གྱི་གོ་རིམ་རེད། གསར་འགོད་པས《སྐྱེ་ལྡན་ཇ་ལོའི་བདག་སྐྱོང་ལག་དེབ》ཁ་ཕྱེ་ནས་ལྟ་སྐབས་ས་ལུད་དོ་དམ་དང་། ནད་འབུའི་གནོད་འཚེ་འགོག་བཅོས། སྦགས་བཙོག་ཚོད་འཛིན་བཅས་དང་ཐ་ན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ཚང་མ་འཁོད་འདུག ལི་གོ་ལིན་གྱིས“གངས་ལྗོངས་ས་མཐོར་ཇ་ཡག་པོ་འདེབས་པར་ཁོར་ཡུག་དང་སྐྱེ་ཁམས་ཧྲིལ་པོ་ནི་རྨང་གཞི་ཡིན་པས་ལྷུ་ཚིགས་ཚང་མར་ཧ་རེ་ཧུ་རེ་བྱེད་མི་རུང”ཞེས་བཤད།
བྱེ་བྲག་གི་གནས་ཚུལ་ཞིག་ལས་ལི་གོ་ལིན་གྱིས་སྐྱེ་ཁམས་ལ་མཐོང་ཆེན་བྱེད་པ་མཐོང་ཐུབ། ས་མཐོར་ཇ་འདེབས་སྐབས་དཀའ་ངལ་ཆེ་ཤོས་ནི་རྩྭ་ངན་འགོག་པ་དེ་རེད། “དེ་གར་རྩྭ་ངན་སྐྱེ་མགྱོགས་པ་དང་དེས་ཇ་སྡོང་ལ་མཁོ་བའི་འཚོ་བཅུད་འཇིབ་འགྲོ། རྩྭ་ངན་བཀོག་པར་རྙོག་དྲ་ཆེ་རུང་། ལི་གོ་ལིན་གྱི་གྲོས་འགོའི་འོག་ང་ཚོས་མི་ཐབས་ལ་བརྟེན་ནས་རྩྭ་ངན་འགོག་པ་གཙོ་བོར་བྱས་པས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ཇ་ཤིང་ལྡུམ་རའི‘གདོད་མའི་སྐྱེ་ཁམས’འགན་ལེན་བྱེད་ཀྱི་ཡོད”ཅེས་ཇ་ཞིང་ཞིག་གི་ནང་བསམ་དོན་ནོར་བུས་ཇ་སྡོང་གི་རྩ་བར་སྐྱེས་པའི་རྩྭ་ངན་ལ་མཛུབ་མོ་བཙུགས་ནས་བཤད།
སྲོལ་རྒྱུན་རྙིང་པ་དང་བཟོ་རྩལ་གསར་པ་ཟུང་འབྲེལ་བྱས་པ།
ཇ་ཞིང་གི་གཡོག་བྱེད་ནི་གཙོ་གནད་ཡིན་པ་དང་ཇ་ལོའི་ལས་སྣོན་ལག་རྩལ་ནི་དེ་བས་གལ་ཆེའི་ནང་གི་འགངས་ཆེ་ཡིན།
ཡིད་འོང་ཇ་རའི་ལས་སྣོན་འཁོར་ཁང་དུ་ཇ་ལོ་ས་ངོས་སུ་བརྡལ་ནས་བསྙལ་འདུག བསམ་དོན་ནོར་བུས“ང་ཚོས་ད་དུང་དབྱེ་གསེད་ཐེངས་གཅིག་བྱས་ནས་སྤུས་ལེགས་ཀྱི་ཇ་ལོ་འདེམས་ཀྱི་ཡོད”ཅེས་བཤད།
དེ་གར་སྔར་བཞིན་འབུད་ཤིང་བསྲེགས་ནས་མེ་གཏོང་བའི་སྲོལ་རྒྱུན་རྙིང་པ་རྒྱུན་འཁྱོངས་བྱས་ཡོད།
“ང་ཚོས་དགེ་རྒན་ལི་གོ་ལིན་དང་མཉམ་དུ་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་བྱེད་ཐབས་འཚམ་ཤོས་རེད་འདུག”ཕྱོགས་གཅིག་ནས་འབུད་ཤིང་བསྲེགས་པའི་དྲོད་ཚད་དང་བརླན་ཚད་ནི་བོད་ཇ་ལས་སྣོན་བྱ་རྒྱུར་འཚམ་པ་དང་། ཕྱོགས་གཞན་ཞིག་ནས་ཤིང་འབྲས་ཀྱི་དྲི་ཞིམ་ཡང་ཇ་ལོའི་ནང་འདྲེས་ནས་ཡིད་འོང་བོད་ཇའི་ཐུན་མོང་མ་ཡིན་པའི་བྲོ་བ་ཞིག་ཆགས་ཀྱི་ཡོད།
ལས་སྣོན་གྱི་གོ་རིམ་ཐད་མོང་ཏིང་རི་བོའི་ལག་རྩལ་གསར་པ་མང་པོ་སྤྱད་ཡོད། “ས་གནས་གཉིས་ཀྱི་ལག་རྩལ་ཕན་ཚུན་ཟུང་འབྲེལ་བྱེད་པ་ནི་ད་ཆའི་ང་ཚོའི་ཐབས་ལམ་ཡག་ཤོས་ཡིན”ཞེས་བསམ་དོན་ནོར་བུས་བཤད།
ལག་རྩལ་གསར་པ་དང་སྲོལ་རྒྱུན་རྙིང་པ་ཟུང་འབྲེལ་བྱས་པ་ལས་དེ་གའི་ཇའི་བྲོ་བ་སྔར་བས་ཞིམ་པར་གྱུར།
མིག་སྔར་ཡིད་འོང་ཇ་རས“གངས་ལྗོངས་ཀྱི་ཇ་རོང”དང“ཡིད་འོང་ཇ་ར”ཞེས་པའི་ཇའི་སྤུས་རྟགས་2བཏོད་པ་དང་འབྲེལ“ཞིབ་འདེམས”དང་། “དམིགས་འདེམས”“ལེགས་འདེམས”བཅས་དང“ཡིད་འོང་ཇ་བག”དང“དྲན་གསོའི་ཇ་ལེབ”སོགས་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་ནས་འཛད་སྤྱོད་པའི་དགོས་མཁོ་མི་འདྲ་བ་སྐོང་གི་ཡོད།
བཅར་འདྲི་མཇུག་འགྲིལ་ཉེའི་སྐབས་སུ་བསམ་དོན་ནོར་བུས་གསར་འགོད་པ་ཇ་རའི་ནང་གི་ཇ་ཤིང་ལྡུམ་ར་སྔ་ཤོས་དེར་ཁྲིད་བྱུང་། དེ་གའི་སྡོང་པོ་རེ་རེ་མཐོ་ལ་ཡལ་འདབ་ཧ་ཅང་སྟུག་པོ་འདུག
“ཁུལ་དེ་ནི་དམག་དཔོན་ཀྲང་གོ་ཧྭ་ཡིས་སྣེ་ཁྲིད་དེ་བཏབ་པའི་ཇ་སྡོང་དག་རེད། དང་ཐོག་མའི་ཡིད་འོང་ཞིང་ར་ནི་ཁོང་གི་སྣེ་ཁྲིད་འོག་བསྐྲུན་པ་རེད”སྡོང་རྒན་དེ་དག་གི་ཇ་ལོ་ནི་ཡིད་འོང་ཇ་རའི་སྤུས་རྟགས་རྩེ་གྲ“སྡོང་རྒན”རྟགས་ཅན་གྱི་ཇ་ལོའི་རྒྱུ་ཆ་ཡིན་ལ། “ཡལ་ག་གཅིག་གི་ཐོག་ནས་སྤུས་ལེགས་ཀྱི་ཇ་ལོ་རྐང་3ནས་5བར་ལས་འཐུ་གི་མེད”ཅེས་བསམ་དོན་ནོར་བུས་བཤད།
ལག་རྩལ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་སྦྲགས“སྡོང་རྒན”རྟགས་ཅན་གྱི་ཇ་ལོའི་སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། “ས་ཁོངས་འདིར་ང་ཚོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་གསར་བརྗེའི་རིག་གནས་དང་ཇ་ར་མཉམ་འདྲེས་ཐུབ་པར་བྱེད་ཀྱི་ཡོད། སང་ལོའི་ཟླ་5པར་སླར་ཡང་ཇ་འཐུ་བར་ཡོང་སྐབས་འདིར་རྣམ་པ་གསར་པ་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད”ཅེས་བསམ་དོན་ནོར་བུས་བཤད།