བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཟླ་དང་པོ་ནས་བཅུ་པའི་བར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་660ལས་བརྒལ་བ།
བོད་ལྗོངས་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བཅུ་པའི་བར་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཐོན་སྐྱེད་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པའི་ངང་འཕར་ནས་དུས་གཏན་གནམ་གྲུའི་འཕུར་འབབ་ཐེངས་ཁྲི་5.7གྱི་བདེ་འཇགས་འགན་ལེན་བྱས་པ་དང་། འགྲུལ་པ་མི་ཐེངས་ཁྲི་660.1དང་དངོས་ཟོག་དང་སྦྲག་སྲིད་མྱུར་སྐྱེལ་ཏུན་ཁྲི་4.3སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་12.7%དང་། 11.6% 10.5%བཅས་སོ་སོར་འཕར་ཡོད། དེའི་ནང་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་དུས་གཏན་གནམ་གྲུའི་འཕུར་འབབ་ཐེངས་ཁྲི་4.2འགན་ལེན་བྱས་ནས་འགྲུལ་པ་མི་ཐེངས་ཁྲི་523.6དང་དངོས་ཟོག་དང་སྦྲག་སྲིད་མྱུར་སྐྱེལ་ཏུན་ཁྲི་3.8འདོན་འཇུག་བྱེད་ཚད་དུས་མཚུངས་ལས་12.4%དང་། 11.1% 10.0%བཅས་སོ་སོར་འཕར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་བོད་ཀྱི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོར་གཞོགས་འདེགས་ཤུགས་ཆེན་བྱས་ཏེ། མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་བོད་ནས་འཕུར་འོང་གི་དུས་གཏན་གནམ་གྲུའི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བར་མ་དངུལ་གཏོང་ཚད་མང་དུ་བཏང་ནས་མཁའ་ལམ་ཁག་གཅིག་སླར་གསོ་དང་གསར་དུ་ཤར་གཏོང་བྱས་ཡོད་པ་དང་། གནམ་ཐང་དང་མཁའ་འགྲུལ་ཀུང་སིའི་དབར་གྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་མཁའ་ལམ་དྲ་བ་དམ་ཚགས་སུ་བཏང་ནས་འཁོར་སྐྱོད་ཚོང་གཉེར་གྱི་ཆུ་ཚད་ཇེ་མཐོར་བཏང་ཡོད།
མིག་སྔའི་བར་མཁའ་ལམ་176དང་། གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་75 གནམ་གྲུ་འཕུར་སྐྱོད་ཀུང་སི་12བཅས་བཏོད་ཡོད་པ་དང་། 2024ལོར་མཁའ་ལམ་7དང་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་1མང་དུ་བཏང་ཡོད།