ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ལ་ཐེ་ཝེ་ཡར་འཚམས་འདྲི་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཀི་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ནས་10ཉིན་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ལ་ཐེ་ཝེ་ཡར་འཚམས་འདྲི་བྱས་ནས་ལ་ཐེ་ཝེ་ཡའི་གྲོས་མི་དང་སློབ་ཆེན་གྱི་དགེ་སློབ་སོཌ་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། དེ་བཞིན་བོད་རིག་པའི་ཞིབ་འཇུག་བཅས་སྐོར་ལ་སྤེལ་རེས་ཞིབ་དཔྱད་གཏིང་ཟབ་བྱས་ཡོད།
སྤེལ་རེས་ཚོགས་པ་དེ་བོད་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཆེ་ཐན་ཉི་ཡ་ཡིས་ཚོགས་གཙོའི་འགན་འཁུར་བ་དང་། ཁོངས་མིའི་གྲས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། གློག་རྡུལ་ཚན་རྩལ་སློབ་ཆེན། 《ཀྲུང་གོའི་བོད་རིག་པ》དུས་དེབ་ཀྱི་བོད་རིག་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཚུད་ཡོད།
ལ་ཐེ་ཝེ་ཡའི་གྲོས་ཚོགས་ཀྲུང་ཧྭའི་མཛའ་མཐུན་ཚོགས་ཆུང་གི་གྲོས་མི་དང་བཞུགས་མོལ་བྱེད་རིང་སྤེལ་རེས་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས“མཛེས་སྡུག་ལྡན་པའི་བོད་ལྗོངས”བརྗོད་དོན་གཙོ་བོར་བྱས་ནས། བོད་ཀྱི་མི་འབོར་འཕར་ཚུལ་དང་། གཞུང་གྲོན་སློབ་གསོའི་མ་ལག བོད་ཀྱི་གསོ་བ་རིག་པ་བཅས་ཚུད་པའི་ས་ཁོངས་ཧྲིལ་པོའི་སྨན་བཅོས་འགན་བཅོལ་དང་སྨན་བཅོས་ཞབས་ཞུ་དང་། ཁྱད་ལྡན་ཞིང་འབྲོག་ལས། སྐྱེ་ཁམས་སྲུང་སྐྱོང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་རྒྱུན་འཛིན་དང་སྲུང་སྐྱོང་། ཐོན་ལས་གསར་པ་དང་ལག་རྩལ་གསར་པ་སོགས་ཐད་ཀྱི་ཕྱོགས་ཡོངས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།
ལ་ཐེ་ཝེ་ཡའི་གྲོས་ཚོགས་ཀྲུང་ཧྭའི་མཛའ་མཐུན་ཚོགས་ཆུང་གིས་སྤེལ་རེས་ཚོགས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ནས་ལ་ཀྲུང་ཕྱོགས་གཉིས་ཀྱིས་ཕན་ཚུན་ཤེས་རྟོགས་བྱེད་ཚད་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད། གྲོས་མིའི་འཐུས་མིས་ལ་ཐེ་ཝེ་ཡའི་མི་དམངས་མང་ཆེ་བས་ཨ་རིའི་གློག་བརྙན་དང་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་བརྒྱུད་ནས་ཀྲུང་གོའི་བོད་ལྗོངས་ཤེས་རྟོགས་བྱས་པས་བོད་དང་འབྲེལ་བའི་ནོར་འཁྲུལ་གྱི་ལྟ་བ་མང་པོ་དང་ལེན་བྱས་ཡོད། ད་རེས་སྤེལ་རེས་ཚོགས་པ་སླེབས་པ་དེས་ལ་ཀྲུང་རྒྱལ་ཁབ་གཉིས་པོ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་པ་དང་ལ་ཐེ་ཝེ་ཡའི་མི་དམངས་ཀྱིས་བོད་ངོ་མ་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱེད་ཐུབ་ཅེས་བརྗོད།