རང་རྒྱལ་དུ་དངོས་ཡོད་དམངས་གཉེར་དཔལ་འབྱོར་བྱེད་པོ་དུང་ཕྱུར་1.8ལྷག་ཙམ་ཟིན་པ།
རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་9པའི་ཟླ་མཇུག་བར་རང་རྒྱལ་དུ་དངོས་ཡོད་དམངས་གཉེར་དཔལ་འབྱོར་བྱེད་པོ་ཁྱོན་ཁྲི་18086.48ཟིན་པ་དེས་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་གྱི་96.37%བཟུང་ནས་དུས་མཚུངས་ལས་3.93%འཕར་བ་དང་ལོ་10ལྷག་ཙམ་ནང་ལྡབ་4ལས་བརྒལ་བ་འཕར་ཡོད། དེའི་ནང་དམངས་གཉེར་ཁེ་ལས་ཁྲི་5554.23ཟིན་པ་དེ་དུས་མཚུངས་ལས་6.02%འཕར་བ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་12532.25ཟིན་པ་དེ་དུས་མཚུངས་ལས་3.03%འཕར་ཡོད།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས་པར་གཞིགས་ན། གཉེར་སྐྱོང་བྱེད་པོའི་ཐོ་འགོད་དེབ་སྐྱེལ་དེ་བས་སྟབས་བདེ་རུ་ཕྱིན་པ་དང་ཁྲོམ་རའི་གསོན་ཤུགས་འཕེལ་ནས། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་བྱེད་པོའི་གྲངས་འབོར་བརྟན་པོའི་ངང་འཕར་བར་སྐུལ་མ་ཐེབས་ཡོད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་བརྟན་ཁྲོད་ལེགས་འཕེལ་བྱུང་བ་དང་གསོན་ཤུགས་ཆེན་པོ་མངོན་ནས་རྒྱལ་ཡོངས་སུ་དམངས་གཉེར་ཁེ་ལས་ཁྲི་619.1གསར་དུ་བཙུགས་ཡོད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་ཆབས་ཅིག རང་རྒྱལ་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཀྱང་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་བཅས་ཁུལ་ཆེན་བཞིར་དམངས་གཉེར་ཁེ་ལས་ཁྲི་314.0དང་། ཁྲི་160.5 ཁྲི་114.4 ཁྲི་30.2བཅས་གསར་དུ་བཙུགས་ནས་བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཐོན་ལས་ཀྱི་གྲུབ་ཚུལ་སྔར་བས་ལེགས་སུ་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་དམངས་གཉེར་ཁེ་ལས་ཁྲི་16.5དང་། ཁྲི་82.5 ཁྲི་520.1བཅས་གསར་དུ་བཙུགས་ཡོད་ལ། ཐོན་ལས་གསུམ་པས་བཟུང་བའི་བསྡུར་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་ཡོད། དམངས་འཚོ་འགན་ལེན་ཐད་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡོད་པ་དང“སློབ་གསོ”དང“འཕྲོད་བསྟེན་དང་སྤྱི་ཚོགས་ལས་དོན”ཁྲོད་དམངས་གཉེར་ཁེ་ལས་གསར་དུ་འཕར་ཚད་ཆ་སྙོམས་6.2%ཟིན་ཡོད།
ཐོན་སྐྱེད་ནུས་ཤུགས་གསར་མ་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར“དཔལ་འབྱོར་གསར་པ་བཞིའི”གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་ཁྲི་271.8ཟིན་པ་དེས་དུས་མཚུངས་ཀྱི་གསར་དུ་བཙུགས་པའི་དམངས་གཉེར་ཁེ་ལས་བསྡོམས་འབོར་གྱི་བཅུ་ཆ་བཞི་ཙམ་བཟུང་ཡོད།