བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ།
ཟླ་11ཚེས་9དང་10ཉིན་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་བྱ་དགའ་སྤྲོད་པའི་མཛད་སྒོར་ཕེབས་ནས་གསེར་གྱི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས་དངུལ་གྱི་བྱ་དགའ་ཐོབ་མཁན་བྱིས་པའི་ཚོགས་ཆུང་དང་ཞིང་འབྲོག་པའི་ཚོགས་ཆུང་གི་བདམས་ཐོན་པར་བྱ་དགའ་གནང་བ་རེད།
འགྲན་བསྡུར་ལ་བྱིས་པའི་ཚོགས་ཆུང་དང་། ལོ་ཆུང་བྱིས་པའི་ཚོགས་ཆུང་། གཞོན་ནུ་ལོ་ཆུང་གི་ཚོགས་ཆུང་། དར་མའི་ཚོགས་ཆུང་། ཞིང་འབྲོག་པའི་ཚོགས་ཆུང་བཅས་ཚོགས་ཆུང་ལྔ་དབྱེ་ཡོད་པ་དང་། གསེར་གྱི་བྱ་དགའ་5དང་། དངུལ་གྱི་བྱ་དགའ་10 ཟངས་ཀྱི་བྱ་དགའ་15 ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་3བཅས་བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་བདམས་ཐོན་པ་33གྱིས་སྐད་གསང་མཐོན་པོས་གསུང་རབ་ཀྱི་ལེའུ་ཀློག་འདོན་བྱས་ཏེ་གསུང་རབ་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་རིག་གནས་ཀྱི་སྙིང་བཅུད་བརྒྱུད་སྤྲོད་བྱས་པ་རེད།
ཁ་ལ་བྱང་ཤོས་དང་། རྩོམ་ཡག་ཤོས། སྐད་སྙན་ཤོས་བཅས་ལྷུ་ཚིགས་གསུམ་གྱི་འགྲན་རྩོད་བརྒྱུད། མཐར་ཀྲང་ཧྲེང་རུའེ་ལ་བྱིས་པའི་ཚོགས་ཆུང་གི་གསེར་གྱི་བྱ་དགའ་ཐོབ་པ་དང་། དབྱང་མུའུ་ཤུན་ལ་ལོ་ཆུང་བྱིས་པའི་ཚོགས་ཆུང་གི་གསེར་གྱི་བྱ་དགའ་ཐོབ་པ། ཚེ་རིང་གཡུ་སྒྲོན་ལ་གཞོན་ནུ་ལོ་ཆུང་ཚོགས་ཆུང་གི་གསེར་གྱི་བྱ་དགའ་ཐོབ་པ། ཧོ་རུའེ་ཤིན་ལ་དར་མའི་ཚོགས་ཆུང་གི་གསེར་གྱི་བྱ་དགའ་ཐོབ་པ། བསྟན་འཛིན་ཡོན་ཏན་ལ་ཞིང་འབྲོག་པའི་ཚོགས་ཆུང་གི་གསེར་གྱི་བྱ་དགའ་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད་ལ་སྔར་བས་སྐུལ་འདེད་བཏང་ནས། དམངས་ཡོངས་ཀྱི་སྐད་ཡིག་བྱང་ཚད་མཐོ་རུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་སྐད་ཡིག་ལས་དོན་གྱི་གྲུབ་འབྲས་མངོན་པར་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པའི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་ཆེད་རེད།