སྨི་5000ཡན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་སྔོན་ལ་འཁྲིད་པ།
རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་འཁྲིད་པ་ལས་མང་ཚོགས་ཁྲི་20ཙམ་ལ་ཕན་པ་ཐོབ་པ།
ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་ནས་གྲོང་ཁྱེར་དང་གྲོང་རྡལ་དང་དེ་བཞིན་ས་བབ་སྨི་5000ཡན་གྱི་ཞིང་འབྲོག་ཁུལ་དུ་དྲོད་རླངས་འཁྲིད་པས་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན་ནས་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་ཀྱི་དྲོད་རླངས་འཁྲིད་པའི་བྱ་གཞག་ལ་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་ས་གནས་ཀྱིས་སྙན་སེང་ཞུས་པའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་དང་། དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་བྱེད་སྟངས་ལ་ཞིབ་འཇུག་ཧུར་ཐག་བྱས་ཏེ་གྲོང་ཁྱེར(ས་ཁུལ)7ནས་རྫོང(ཆུས)1རེ་བདམས་ནས་སྤྱི་ཚོགས་ཀྱི་མ་རྩ་གྲོང་ཁུལ་གྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་འཁྲིད་པར་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་37.75བཏང་ནས་དྲོད་རླངས་འཁྲིད་པའི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་622.41གསར་སྐྲུན་དང་སྒྱུར་བཀོད་བྱེད་འཆར་ཡོད་པ་དེ་བསྐྲུན་རྗེས་ལས་བྱེད་པ་དང་མང་ཚོགས་ཁྲི་20ལ་ཕན་ཐོགས་རྒྱུ་རེད། མིག་སྔའི་བར་ཚོད་ལྟ་ཁག་7འཆར་གཞི་ལྟར་བརྟན་པོ་སྤེལ་བཞིན་ཡོད་པ་ལས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་ཚོད་ལྟའི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་དང་དེ་བྱིངས་ཀྱི་ཚོད་ལྟའི་རྫོང(ཆུས)ལ་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་དྲོད་རླངས་འཁྲིད་ཐུབ་རྒྱུ་ཡིན་པ་རེད། བོད་མཐོ་སྒང་གི་གྲང་ངར་ཤིན་ཏུ་ཆེ་བའི་ཁྱད་ཆོས་ལ་གཞིགས་ནས་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས“དྲོད་ལེན་དང་འཚོ་བའི་ཆུ་ཚ་པོ”གཉིས་ཀ་མཁོ་འདོན་བྱེད་སྟངས་འཚོལ་ཞིབ་དང་བེད་སྤྱོད་བྱས་ནས་མ་ལག་སྤྱོད་ཚད་མཐོ་རུ་བཏང་བ་དང་། དྲོད་རླངས་གཏོང་མི་དགོས་པའི་ནམ་དུས་སུ་ཉི་འོད་ནུས་པའི་གཅིག་སྡུད་དྲོད་གཏོང་ས་ཚིགས་བེད་མེད་དུ་མ་ལུས་པར་བྱས་པ་དང་ཆབས་ཅིག གྲོང་མིའི་འཚོ་བའི་ཆུ་ཚ་པོ་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་བཏང་བ་རེད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་བརྒྱུད། ཚོད་ལྟའི་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་ཡོད་པ་དང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་ལས་གྲོང་ཁྱེར་དང་རྫོང(ཆུས)མི་དམངས་སྲིད་གཞུང་གིས་དང་ལེན་ཧུར་ཐག་ཞུས་པ་དང་། དྲོད་རླངས་འཁྲིད་མཁན་ཁེ་ལས་ཧུར་ཐག་ཞུགས་པ། དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་མ་དངུལ་བསྡུ་སྒྲིལ་དང་དངུལ་བུན་གྱི་རྒྱབ་སྐྱོར་ཧུར་ཐག་བྱས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་པ་རེད།
དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་སེམས་ཁུར་ཆེན་པོ་བྱས་ཏེ་ཆེད་སྤྱོད་མ་དངུལ་བཏང་ནས་སྨི་5000ཡན་གྱི་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་རླངས་སྔོན་ལ་འཁྲིད་ཡོད་པ་རེད། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཕུ་མ་བྱང་ཐང་ཤང་ལ་དྲོད་རླངས་འཁྲིད་པའི་ཚོད་ལྟ་བྱས་པར་དྲོད་རླངས་བཏང་བའི་རྒྱ་ཁྱོན་སྨི་ངོས་གྲུ་13914.38ཟིན་པ་དང་ཤང་སྲིད་གཞུང་ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་དང་། ཉལ་ཁང་། གྲོང་ཚོ་ཨུ་ལྷན་བཅས་ལ་ཁྲིད་ཡོད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་0.23བཏང་བ་དང་། མིག་སྔར་ལས་འགོ་བཙུགས་ནས་ལོ་མཇུག་གོང་ལས་མཇུག་འགྲིལ་འཆར་ཡོད་པ་རེད། དེ་དང་ཆབས་ཅིག་ས་བབ་སྨི་5000ཡན་གྱི་གྲོང་ཚོ་25ཡི་ཞིང་དུད་1553ནས་གྲོང་ཚོ་14ཡི་དུད་ཚང་723ལ་དྲོད་རླངས་འཁྲིད་མཁན་ཁེ་ལས་སྒྲིག་འཛུགས་བྱས་ཏེ་དྲོད་རླངས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དེ་དག་ཉེ་དུས་ལས་མཇུག་འགྲིལ་བ་མ་ཟད། ཚང་མ་བེད་སྤྱོད་གཏོང་འགོའང་ཚུགས་པ་རེད། དེ་བྱིངས་གྲོང་ཚོ་11གི་ཞིང་དུད་830ལ“འོད་ཤུགས་དང་། གློག་གསོག ཚ་ཕུམ་ཚ་རླུང་འཕྲུལ་འཁོར”སོགས་ཀྱི་བཟོ་རྩལ་སྤྱད་དེ་དྲོད་རླངས་འཁྲིད་རྒྱུ་ཡིན་པ་དེ་ད་ལྟ་སྒྲིག་འཛུགས་དང་ལག་བསྟར་བྱེད་བཞིན་ཡོད་པ་རེད། ས་གནས་དེ་གའི་སྲིད་གཞུང་གི་འབད་བརྩོན་ལྷོད་མེད་འོག་ས་བབ་སྨི་5000ཡན་གྱི་ཤང་གྲོང་གཅིག་དང་ཞིང་དུད་1553ཚང་མར་ལོ་མཇུག་ཏུ་དྲོད་རླངས་འཁྲིད་ཐུབ་རྒྱུ་རེད།