མོ་ཧོའི་རྔ་མོང་ར་བ། རྔ་མོང་གི་དྲིལ་སྒྲའི་ཁྲོད་ཀྱི་འཚོལ་ཞིབ་པ།
བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།
གོར་མོ་ནས་ཁ་བྲལ་རྗེས། རླངས་འཁོར་གྱི་སྒེའུ་ཁུང་ཕྱི་ལ་ལྟ་སྐབས་སྔོ་ཐིང་ཐིང་གི་རྩྭ་ཐང་དང་། རྔ་མོང་མི་ཉུང་བ་ཞིག་མཐོང་བྱུང་། ཚྭ་ཁ་གྲོང་རྡལ་དུ་འབྱོར་ནས་དགོང་མོ་གཅིག་ངལ་གསོས་རྗེས། བཅར་འདྲི་ཚོགས་ཆུང་འཕྲལ་མར་ད་རེས་ཀྱི་འགྲོ་ཡུལ་མོ་ཧོའི་རྔ་མོང་ར་བར་བསྐྱོད་པ་ཡིན།
མོ་ཧོའི་རྔ་མོང་ར་བ་དེ་ཚྭ་འདམ་གཤོང་སའི་ཤར་རྒྱུད་དང་ཚྭ་ཁ་གྲོང་རྡལ་ལྷོ་ཕྱོགས་ཀྱི་སྤྱི་ལེ་18ཙམ་གྱི་སར་གནས་ཡོད། སྔོན་མ་དེ་གར་རྔ་མོང་གི་དྲིལ་བུའི་སྒྲ་ཡིས་ཁེངས་ཤིང་བྱེ་རླུང་གང་སར་ལྡང་བའི་གནའ་བོའི་བགྲོད་ལམ་ཞིག་ཡིན་ནའང་། ད་ཆ་ཞིང་འབྲོག་ལས་དང་། བཟོ་ལས། ཡུལ་སྐོར་ལས་རིགས་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཁེ་ལས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད།
འཚོལ་ཞིབ་པའི་ལས་འགན། གསར་བརྗེའི་དྲན་ཤེས་ཁྲོད་ཀྱི་མོ་ཧོའི་རྔ་མོང་ར་བ།
1954ལོར་ཚྭ་ཁའི་རྔ་མོང་འདེམས་གསོ་ར་བ་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྩིས་བླངས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཉེར་ཚྭ་འདམ་གཤོང་སའི་རྔ་མོང་ར་བ་ཞེས་པར་མིང་བསྒྱུར་བ་དང་། དེ་ནས་ད་ཆའི་ཚྭ་འདམ་གཤོང་སའི་ས་རྒོད་གསར་སྤེལ་ཚོགས་པའི་མོ་ཧོའི་རྔ་མོང་ར་བ་ཞེས་པའི་མིང་ཐོབ།
མོ་ཧོའི་རྔ་མོང་ར་བའི་མཚོ་བོད་ས་མཐོའི་ལོ་རྒྱུས་བཤམས་སྟོན་ཁང་དུ་སྐྱོད་སྐབས། གསར་འགོད་པར་སྔར་སོང་ལོ་ཟླར་ཕྱིར་ལོག་བྱས་པ་དང་འདྲ་བའི་ཚོར་སྣང་ཞིག་བྱུང་བ་སྟེ། བཤམས་སྟོན་ཁང་དུ་རྒྱལ་ཁབ་རིམ་པའི་རིག་དངོས་བཅུ་གྲངས་ཁ་ཤས་སྒྲིག་གཤོམ་བྱས་ཡོད་པ་དེ་དག་རེ་རེ་ལས་རྔ་མོང་འདེད་མཁན་ཚོས་དཀའ་བ་སྤྱད་ལུགས་དང་ལེགས་སྐྱེས་འབུལ་ཚུལ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
བཤམས་སྟོན་ཁང་གི་འགོ་འཛིན་ཀྲང་ཚུན་ཧུའུ་ཡིས་མྱོང་བ་ཟབ་མོའི་ངང་རྔ་མོང་འདེད་མཁན་ཚོའི་གཏམ་རྒྱུད་བརྗོད་པ་སྟེ། “1951ལོར། རྔ་མོང་འདེད་མཁན་577གྱིས་རྔ་མོང་1300འདེད་དེ་དམག་སྡེ་བཅོ་བརྒྱད་པའི་བྱང་ནུབ་རང་ཚུགས་ཡན་ལག་རུ་ཁག་དང་མཉམ་དུ་བོད་ལ་བསྐྱོད་དེ་དཀའ་བ་དུ་མ་སྤྱད་ནས་མཐར་བོད་ལ་དཔུང་སྐྱོད་གི་ལས་འགན་རླབས་པོ་ཆེ་བསྒྲུབས་ཡོད”
བཤམས་སྟོན་ཁང་ནང་འགྲེམས་རྫས་མང་པོ་སྒྲིག་གཤོམ་བྱས་པའི་ཁྲོད། ཉར་ཚགས་ཅུང་ཆ་ཚང་བའི་སྐར་ལྔའི་དར་དམར་ཞིག་ཡོད་པ་གསར་འགོད་པས་མཐོང་བྱུང་། ཀྲང་ཚུན་ཧུའུ་ཡིས་དར་དམར་འདི་ནི་1951ལོའི་ཟླ་8པར་རང་ཚུགས་ཡན་ལག་རུ་ཁག་གི་འཐབ་འཛིང་པ་དང་རྔ་མོང་འདེད་མཁན་ཚོས་མཉམ་དུ་འབྲི་ཆུ་བརྒལ་བ་དང་གདང་ལ་བརྒྱབ་ནས་བོད་ལ་དཔུང་སྐྱོད་ཀྱི་དབོར་འདྲེན་ལས་འགན་སྒྲུབ་རིང་ལྷ་སར་ཁྱེར་ཡོང་བའི་སྐར་ལྔའི་དར་དམར་ཐོག་མ་དེ་རེད་ཅེས་ངོ་སྤྲོད་བྱས།
ལོ་70ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད། མོ་ཧོའི་རྔ་མོང་ར་བ་དེ་ཐོག་མའི་དངོས་ཟོག་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་ནས་ད་ཆར་ལོ་ཏོག་འདེབས་པ་དང་། ཕྱུགས་ཟོག་དང་བྱ་དེ་གསོ་བ། དཔལ་འབྱོར་ནགས་ཚལ་གསར་སྤེལ་བེད་སྤྱོད། ཚྭ་མཚོའི་ཚྭ་འདོན་པ། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཀྱི་ཐོན་ལས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཁེ་ལས་ཤིག་ཏུ་གྱུར་ཡོད།
འཚོལ་ཞིབ་པའི་རྒྱུན་བསྐྱངས་པ། རྔ་མོང་འདེད་མཁན་མི་རབས་གསུམ་གྱིས་རང་འགན་བློ་ལ་བརྟན་པོར་ངེས་པ།
མོ་ཧོའི་རྔ་མོང་ར་བར་དལ་གྱིས་སྐྱོད་སྐབས། སྔོན་མའི་ཁང་པ་རྙིང་པ་དག་རང་སོར་བཞག་ཡོད་པ་སྟེ། ཐོག་དཔངས་དམའ་བའི་ཁང་པ་གཅིག་ཐོག་དང་། སྔོན་མའི་རྣམ་པ་གསལ་ལེར་མངོན་པའི་ལས་མིའི་ཉལ་ཁང་དང་། ཟ་ཁང་། གློག་བརྙན་ཁང་། ཚོགས་ཁང་། ཐང་ཆེན། སློབ་གྲྭ་སོགས་ཡོད། བཅར་འདྲི་ཚོགས་ཆུང་རྔ་མོང་ར་བར་ལྟ་སྐོར་ལ་འཁྲིད་མཁན་ནི་ངོ་ཚ་སྨིན་ཞིང་གཟབ་ནན་ཆེ་བའི་ཕོ་གསར་ཀྲང་ཧྲང་ཡུན་རེད།
ཀྲང་ཧྲང་ཡུན་ནི་རྔ་མོང་འདེད་མཁན་མི་རབས་གསུམ་པ་རེད་འདུག ཆུང་དུས་ནས་མོ་ཧོའི་རྔ་མོང་ར་བར་འཚར་ལོངས་བྱུང་བ་དང་། ནར་སོན་རྗེས་དེ་གར་མུ་མཐུད་ལས་ཀ་བྱེད་པའི་གདམ་ག་བྱས་ཤིང་། ཁོང་བཞིན་རྔ་མོང་ར་བར་སྡོད་མཁན་མི་རབས་གསུམ་པ་གཞན་ཞིག་དཀོན་པོ་ཡིན་པ་རེད།
ཀྲང་ཧྲང་ཡུན་གྱི་སྤོ་བོ་མཱ་ཝེ་ཞུང་ནི་ཀན་སུའུ་མིང་ཆིན་ནས་ཡིན་པ་དང་། 1952ལོར་མོ་ཧོ་རུ་འོང་ཞིང་། 1953ལོའི་ཟླ་བཅུ་གཅིག་པར་བོད་ལྗོངས་སྐྱེལ་འདྲེན་སྤྱི་ཁྱབ་རུ་ཁག་དང་མཉམ་དུ་འབྲུ་རིགས་དབོར་ནས་བོད་སྐྱོར་ལས་འགན་བསྒྲུབས་ཏེ་བོད་ཀྱི་དམག་མིའི་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས།
བློ་ཕངས་པ་ཞིག་ལ། ཀྲང་ཧྲང་ཡུན་ཧ་གཉིད་གོ་བའི་སྐབས། སྤོ་བོ་ལགས་ལས་རྨས་རྐྱེན་གྱིས་རྒན་ཡོལ་ཞུས་ཏེ་ཀན་སུའུ་ཝུའུ་ཝེ་གྲོང་ཁྱེར་མིང་ཆིན་རྫོང་དུ་ལོག་ཟིན་པ་དང་། ཀྲང་ཧྲང་ཡུན་ཕ་མ་དང་མཉམ་དུ་མོ་ཧོ་རྔ་མོང་ར་བར་འཚོ་བ་བསྐྱལ་ནས་བསྡད། དེར་བརྟེན་རྔ་མོང་རུ་ཁག་དང་སྤོ་བོ་ལགས་ཀྱི་གནས་ཚུལ་ཕལ་མོ་ཆེ་རྔ་མོང་འདེད་མཁན་རྒན་རབས་ཚོའི་ངག་ནས་གོ་ཐོས་བྱུང་བ་ཤ་སྟག་རེད། “དེ་དུས་རྔ་མོང་འདེད་མཁན་རུ་ཁག་ཏུ་ཐབས་ལ་མཁས་པ་སུན་ཀྲའོ་ཚུན་དང་དཔའ་བློ་ཁོག་ཆེ་བ་མཱ་ཝེ་ཞུང”ཞེས་པའི་ཤོད་རྒྱུན་ཞིག་ཡོད། ཤོད་རྒྱུན་དེ་དང་མོ་ཧོའི་རྔ་མོང་ར་བའི་ལོ་རྒྱུས་བཤམས་སྟོན་ཁང་གི་སྒྲོམ་སྟེགས་སུ་འཁོད་པའི་སྤོ་བོ་ལགས་ཀྱི་མིང་ནི་ཁོང་གིས་དཔའ་བོ་སྤོ་བོ་ལགས་ཀྱི་ལོ་ཟླར་འཛིན་པའི་རྒྱུས་མངའ་ཡོད་ཚད་ཡིན་པ་རེད།
རྔ་མོང་འདེད་མཁན་མི་རབས་གསུམ་གྱི་ཁྲོད་ད་ལོ་ལོ་50ལྷག་ཙམ་ཟིན་པའི་ཀྲང་ཧྲང་ཡུན་ནི་ལོ་རྒན་ཤོས་ཤིག་ཡིན་སྟབས་ཁོང་གིས་རྔ་མོང་འདེད་མཁན་རྒན་རབས་ས་ནས་གོ་བའི་གཏམ་རྒྱུད་ཀྱང་མང་པོ་ཡོད། དངོས་ཟོག་དཀོན་པ་དང་འཕྲིན་གཏོང་སྟབས་བདེ་མེད་པའི་དུས་རབས་སུ་རྔ་མོང་འདེད་མཁན་ཚོས་རྔ་མོང་དེད་དེ་དངོས་ཟོག་དབོར་སྐབས་བྱེ་ཐང་དང་། རྩྭ་ཐང་། འདམ་ར། གངས་རི་བཅས་བརྒལ་ཏེ་གྲང་ངར་དང་ཁ་བ་བུ་ཡུག་ཁྱད་དུ་གསོད་དགོས་ལ། ད་དུང་གཅན་གཟན་དང་ཇག་པར་རྟག་ཏུ་དོགས་ཟོན་ཡང་བྱེད་དགོས་ཀྱི་ཡོད།
གྲོངས་ནས་ལོ་མང་སོང་བའི་རྔ་མོང་འདེད་མཁན་རྒན་གྲས་ཤིག་གིས་དེ་སྔོན་ཀྲང་ཧྲང་ཡུན་ལ་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་བ་སྟེ། ཞོགས་ལྟར་གཉིད་ལས་སད་སྐབས་རུ་དཔོན་གྱིས་མི་གྲངས་ཚང་ཡོད་མེད་ཞིབ་བཤེར་བྱེད་གི་ཡོད། དེ་འདྲ་བྱེད་དོན་ནི་མི་བྲོས་ཡོད་མེད་ལ་ལྟ་བ་མིན་པར་གྲོངས་མིན་ལ་ལྟ་བས་རེད།
འཚོལ་ཞིབ་པའི་དད་སེམས། རྔ་མོང་གི་དྲིལ་སྒྲའི་ཁྲོད་ཀྱི་དད་གུས་དང་རྒྱུན་འཛིན།
“སྔོན་མ་རྔ་མོང་འདེད་མཁན་རྒན་གྲས་ཤིག་གིས་ཆེད་དུ་རྗེས་འཇུག་གི་བྱ་བའི་འགན་ཁུར་ཏེ་རུ་ཁག་གི་རྗེས་སུ་བསྙེགས་ནས་སྲོག་ཤོར་བའི་རྔ་མོང་འདེད་མཁན་དག་ལ་རྗེས་འཇུག་བྱེད་པ་ངས་དྲན་གྱི་འདུག”ཅེས་ཀྲང་ཧྲང་ཡུན་གྱིས་རྔ་མོང་འདེད་མཁན་རྒན་གྲས་ཤིག་གི་སྐད་ཆ་དྲན་བཞིན་དུ་མྱོང་ཚོར་ཟབ་མོས་བཤད།
རང་སྲོག་ཤོར་བའི་རྔ་མོང་འདེད་མཁན་གྱི་སྐུ་ཕུང་འགའ་ཕྱིར་ཁྱེར་ཡོང་ནས་ནང་མིར་རྗེས་འཇུག་བྱེད་དུ་འཇུག་གི་ཡོད། འོན་ཀྱང་སྲོག་ཤོར་མཁན་མང་པོ་ཞིག་རྒྱུ་རྐྱེན་མང་པོའི་དབང་གིས་ས་ཆ་དེ་རང་དུ་དུར་སྦས་གཏོང་རྒྱུ་ལས་མ་འདས།
རྔ་མོང་འདེད་མཁན་རྒན་གྲས་ཤིག་གིས་ལག་པ་བྲང་ཁར་བརྡུངས་ནས་དབུགས་ཧལ་བཞིན་པའི་གནས་ཚུལ་ད་དུང་ཁོང་གིས་མི་བརྗེད་པར་དྲན་བཞིན་ཡོད། ཁོང་གིས་དེ་དུས་ལམ་ཟུར་གྱི་ས་ཕུང་མཐོང་སྐབས་དེར་རང་ཉིད་ཀྱི་འཐབ་གྲོགས་སྦས་ཡོད་པར་དོགས་ནས་འགོག་མེད་དུ་སེམས་སྡུག་སྐྱེ་གི་ཡོད།
དེ་དུས་ཀྲང་ཧྲང་ཡུན་གྱིས་རྔ་མོང་འདེད་མཁན་རྒན་གྲས་དེའི་སྐྱོ་སྣང་ག་ལ་རྟོགས་ཐུབ། གང་ལགས་ཤེ་ན། དེ་དུས་ཁོང་ནི་རྔ་མོང་ར་བའི་བུ་ཕྲུག་སློབ་གྲྭའི་སློབ་ཕྲུག་ཙམ་ཡིན་པས་རེད།
འོན་ཀྱང་བྱ་བ་འགའ་དང་སྙིང་སྟོབས་རེ་འགར་རྒྱུས་ལོན་དེ་ཙམ་བྱེད་དགོས་མེད། ནར་སོན་རྗེས་ཀྱི་ཀྲང་ཧྲང་ཡུན་རྔ་མོང་ར་བར་བསྡད་ནས་དེའི་ལས་མི་ཞིག་བྱས་པའི་རྒྱུ་མཚན་འདྲི་སྐབས། ཀྲང་ཧྲང་ཡུན་གྱིས“མི་འགས་ས་ཆ་དེའི་སྤྱིར་བཏང་གནས་ཚུལ་དང་བྱ་གཞག་རླབས་པོ་ཆེ་སེམས་ལ་ངེས་དགོས་པ་ཡིན”ཞེས་བརྗོད།
བཅར་འདྲི་མཇུག་འགྲིལ་རན་པའི་སྐབས། ཀྲང་ཧྲང་ཡུན་གྱིས་གསར་འགོད་པ་རྔ་མོང་ར་བར་ཁྲིད་པ་དང་། དེ་དུས་ཁོང་གིས་སྐྱེས་མ་ཐག་པའི་རྔ་ཕྲུག་ལ་ལྟ་བཞིན་ཡོད་པ་དང་། དེ་རྗེས་མུ་མཐའ་མེད་པའི་མྱ་ངམ་ཐང་དང་རྩྭ་ཐང་ལ་རྒྱང་ལྟ་བྱས།
“ལོ་དེ་དག་རིང་ཁོང་ཚོས་རྔ་མོང་ཁྲིད་ནས་ལ་ཀླུང་བརྒལ་ཏེ་དངོས་ཟོག་ཇི་ལྟར་དབོར་བར་བསམ་ཚོད་བྱེད་པར་དཀའ། ནམ་རྒྱུན་གཏམ་རྒྱུད་དེ་དག་བློ་ལ་དྲན་སྐབས། ང་རང་རྒན་རབས་རྣམས་ལ་དད་གུས་ངང་གིས་སྐྱེ་གི་འདུག”ཅེས་ཀྲང་ཧྲང་ཡུན་གྱིས་བསམ་བློ་ཞིབ་ཕྲ་གཏོང་བའི་རྣམ་འགྱུར་ཞིག་སྟོན་བཞིན་དུ་འདས་པའི་ལོ་ཟླ་རིང་མོར་ཕྱིར་དྲན་བྱེད་བཞིན་དུ་བཤད།