《ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་ལས་དོན་སྐོར་གྱི་རྣམ་བཤད་གཅེས་བཏུས》ཞེས་པའི་དཔེ་དེབ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
རང་བྱུང་ཁམས་ཆེ་མོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ཇུས་འགོད་གནང་སྟེ་ཏང་གིས་རང་བྱུང་ཐོན་ཁུངས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། རང་བྱུང་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དེ་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་སྒྲིག་འཛུགས་དང་ལག་བསྟར་བྱེད་པ། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་དང་སྲུང་སྐྱོང་གི་བཀོད་པ་ལེགས་སུ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་བསྐྲུན་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་བར་མཐོངས་བཀོད་པ་དང་། ཐོན་ལས་གྲུབ་ཆ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཆེད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་བཏོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་རང་བྱུང་ཐོན་ཁུངས་ལས་དོན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཟིགས་རྒྱང་རིང་ལ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་པས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་འཚམ་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་དོ་དམ་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
《རྣམ་བཤད་གཅེས་བཏུས》དེ་ཆེད་དོན་8ལ་དབྱེ་ཡོད་པ་དང་ཁྱོན་རྣམ་བཤད་དུམ་བུ་286ཡོད་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་12ནས་2024ལོའི་ཟླ་10པ་བར་གྱི་སྙན་སྒྲོན་དང་། གསུང་བཤད། གསལ་བཤད། རྟེན་འབྲེལ་འཕྲིན་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་150ལྷག་ཙམ་ནས་གནད་བསྡུས་བྱས་པ་ཞིག་ཡིན་ལ་དེའི་ནང་གི་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།