དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13547ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-11

    ཉིན་ཤས་གོང་། བོད་ཀྱི་2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། དུས་ཚིགས་གསུམ་པའི་དུས་མཇུག་བར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13547ཟིན་པ་དེ་དུས་མཚུངས་ལས་8.2%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། སྔོན་དཔག་ལྟར་ན་ལོ་འཁོར་མོའི་ཡོང་འབབ་དེ་སྒོར་ཁྲི་གཉིས་ཀྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་རྒྱུ་རེད།

    “ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་ནི་ཞིང་པའི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་རེད། འདི་ལོ་ཚུན་རང་ལྗོངས་ཀྱིས“རིམ་ལྔའི་ཧྲུའུ་ཅིས”ཞིང་འབྲོག་པའི་འབབ་འཕར་ལ་དམ་འཛིན་མཐའ་འཁྱོངས་བྱས་པས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་བསམ་ཇུས་གཅིག་གི་འབབ་འཕར་ལས་དོན་གྱི་རྣམ་པ་ཆགས་པ་དང་གཉེར་སྐྱོང་སྐུལ་ཁྲིད་དང་། ལས་ཞུགས་སྐུལ་སྤེལ། སྲིད་ཇུས་སྐུལ་འདེད། སྒྱུར་བཅོས་སྒུལ་ཤུགས་བཅས་ཀྱི་ནུས་ཕྱོད་རྒྱུན་མཐུད་མངོན་བཞིན་ཡོད།

    ཞིང་འབྲོག་པར་འབབ་འཕར་ཡོང་བའི་ཆ་རྐྱེན་དང་པོ་ནི་ཐོན་ལས་འཕར་བ་བྱ་རྒྱུ་དེ་རེད། འདི་ལོ་ཆར་ཆུ་འབེལ་བ་དང་རྩྭ་ཁ་བཟང་པོ་ཡོད་པ་དེས་ཕྱུགས་ཟོག་བཤས་གཏོང་རྒྱུར་འགན་སྲུང་ནུས་ལྡན་ཐུབ་པ་དང་རང་ལྗོངས་ཀྱི་ལག་ཡོད་ཕྱུགས་ཟོག་མགོ་གྲངས་བརྟན་པོའི་ངང་འཕར་བར་སྐུལ་འདེད་ཐུབ་ཡོད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཀྱིས་ཕྱུགས་ཟོག་ཕྱིར་ཚོང་གི་ཁ་གསབ་མ་དངུལ་སྤྲོད་པའི་ཇུས་གཞི་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་དང་ས་གནས་ཁག་གིས་ཞིང་སྐྱོར་འབབ་འཕར་གྱི་བྲིན་འཚོང་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སོགས་སྤེལ་བས་འབྲོག་ལས་ཀྱི་གཏིང་ཤུགས་སྔར་བས་འདོན་ཐུབ་པ་བྱུང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཕག་པ་དང་ནོར་ལུག་བཤས་གཏོང་ཚད་མགོ་གྲངས་ཁྲི་147.85ཟིན་ནས་48.6%འཕར་ཡོད། ཤ་དང་། སྒོ་ང་། འོ་མ་བཅས་ཀྱི་ཐོན་འབབ་ཏུན་ཁྲི་48.78ཟིན་ནས་23.4%འཕར་ཡོད། དེའི་ནང་ཕག་ཤ་དང་། ཚགས་ཤ ལུག་ཤ་བཅས་ཀྱི་ཐོན་ཚད་ཏུན་ཁྲི་8.04ཟིན་ནས་41.8%འཕར་ཡོད། གཞན་ཡང་རང་ལྗོངས་ཀྱིས་ཟ་འབྲུའི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མཐོར་འདེགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བེད་མེད་དུ་ལུས་པའི་དྲོད་ཁང་སླར་གསོ་དང་བེད་སྤྱོད་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཀྱི་ཚན་རྩལ་གཤམ་སྒྱུར་གྱི་ལག་རྩལ་གྱི་འགན་འཁྲི་གཙང་ལེན་ལས་དོན་གཏིང་ཟབ་དང་རྒྱ་ཆེར་གཏོང་བ་བཅས་བྱས་པས་ལྗོངས་ཡོངས་ཀྱི་འབྲུ་རིགས་ཀྱི་ཐོན་འབབ་ལས་སླར་ཡང་ཟིན་ཐོ་གསར་པ་གཏོད་རེ་ཡོད། གྲངས་གཞི་ལས་མངོན་པར། ད་ལོར་ཞིང་འབྲོག་ཐོན་རྫས་གཙོ་བོའི་མཁོ་སྤྲོད་འགན་ལེན་ནུས་པ་ཆེ་རུ་ཕྱིན་ནས་ཞིང་འབྲོག་པའི་གཉེར་སྐྱོང་གི་ཁེ་གཙང་ཡོང་འབབ་བརྟན་པོ་བྱུང་ཡོད།

    གླ་ཆའི་རང་བཞིན་གྱི་ཡོང་འབབ་དང་གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བའི་ཐད། རང་ལྗོངས་ཀྱིས《གཙོ་གནད་ལས་གྲྭའི་རྣམ་གྲངས་ཁྲོད་འཚོ་རྟེན་ལས་སྤྲོད་ཤུགས་ཆེན་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》བཏོན་ནས་ལག་རྩལ་ཤེས་པ་དང་། དོ་དམ་ཐུབ་པ། གཉེར་སྐྱོང་མཁས་པ་བཅས་ཀྱི་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ཡོད། འབྲེལ་ཡོད་སྡེ་ཚན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པས་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཀྱི་གསལ་རྟོགས་གཱ(2024ལོའི་པར་མ)》དང《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2024ལོའི་དམངས་ཕན་ཞིང་ཕན་གྱི“གཱ་གཅིག་ཀུན་འཐུས”ཀྱི་ཁ་གསབ་སྲིད་ཇུས་ཀྱི་གསལ་ཐོ》ལེ་ལག་ཚང་པོས་བཟོས་ནས་ཞིང་འབྲོག་མང་ཚོགས་ཀྱིས་སྲིད་ཇུས་ཀྱི་ཞིབ་ཆ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པར་རོགས་རམ་དང་ཡོང་འབབ་བརྟན་པོ་འཕར་བར་རམ་འདེགས་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་ཐབས་ལམ་གཏོད་པ་དང་ཕྱོགས་བསྡུས་ཇུས་བསྟར་བརྒྱུད། རང་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཞིང་འབྲོག་པའི་འབབ་འཕར་ལས་དོན་སྐུལ་སྤེལ་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་གཞུང་ལས་ཁང་གིས་ལྗོངས་ཐད་གཏོགས་སྡེ་ཚན་དང་མཉམ་དུ་ལམ་སྲོལ་འཁོར་སྐྱོད་དང་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་མངོན་མེད་སྟོབས་ཤུགས་གནས་ས་དང་ཤུགས་རྒྱག་ས་ཡང་དག་འཚོལ་བ་དང་། དོ་སྙོམས་རང་བཞིན་དང་ཁྱབ་རྒྱར་སྤྱི་འདོམས་ལྟ་རྟོག་བྱེད་པ། ལོ་འགོ་ལོ་མཇུག་གི་ལས་ཞུགས་ཁག་པ་དང་འཛད་སྤྱོད་ཆེ་བའི་ཁྱད་ཆོས་ལ་དམ་འཛིན་བྱེད་པ། མི་ཤུགས་ཐོན་ཁུངས་སྙོམས་སྒྲིག་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་དཀའ་བའི་དུས་ཚིགས་ཀྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ཐབས་ལམ་ཕྱོགས་ཡོངས་ནས་ཡངས་སུ་གཏོང་བ་བཅས་བྱ་རྒྱུ་དང་། གྲོང་གསེབ་ས་ཆའི་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ་བསྡུས”ཀྱི་ལྟ་འདོམས་ཀྱི་མངོན་གསལ་དོད་པའི་གནད་དོན་གྱི་གཅིག་སྡུད་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཞིང་འབྲོག་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་འགྲོ་བར་རམ་འདེགས་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།