ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་གླེང་མོལ་གནང་བ།
ཟླ་11ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་གླེང་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་ཕུའུ་ལ་པོ་ཝོ་རྣམ་གཉིས་ཕྱག་གཏོང་བཞིན་པ།
ཟླ་11ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་གླེང་མོལ་གནང་ཞིང་། འདི་ནི་གླེང་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཕུའུ་ལ་པོ་ཝོར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་གླེང་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སྐུ་ཉིད་ད་ལོའི་ཟླ་གསུམ་པར་ཙུང་ཐུང་ལ་བདམས་རྗེས་འཕྲལ་མར་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་དངོས་སུ་ལས་འགན་ཁུར་རྗེས་སླར་ཡང་དང་ཐོག་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་དེ་ཐོག་ནས་ཁྱེད་ཀྱིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་འཐབ་ཇུས་རང་བཞིན་ཡང་མཚོན་ཡོད། འཐབ་ཇུས་རང་བརྟེན་དང་། ཕན་ཚུན་ཡིད་ཆེས་དང་རོགས་རེས། མཉམ་ལས་གཉིས་ཁེ། དྲང་གཞག་བདེན་སྐྱོང་བཅས་མཐའ་འཁྱོངས་བྱེད་པ་ནི་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གི་ཀྲུང་ཧིན་འབྲེལ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་གཏོང་བར་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གསར་པ་དང་མཉམ་དུ་སྔ་འཛིན་ཕྱི་གཏོད་ཀྱིས་ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་མཉམ་འབྲེལ་ཡར་ཐོན་དང་། མཐུན་སྒྲིལ་རོགས་ལས། གཉིས་ཁེ་གཉིས་ཕན་བཅས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཆུ་ཚད་དེ་བས་མཐོ་བའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། མཐོ་རིམ་དབར་གྱི་འགྲོ་འོང་དང་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། ས་གནས་མཉམ་ལས་བཅས་ཟབ་ཏུ་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཕན་ཚུན་དབར་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཕན་ཚུན་དབར་སྲུང་སྐྱོང་བྱེད་པའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། འཐབ་ཇུས་མཉམ་ལས་ཀྱི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཆབ་སྲིད་དང་། དཔལ་འབྱོར། མི་ཆོས་རིག་གནས། མཚོ་ཐོག བདེ་འཇགས་བཅས་ཀྱི“ཀ་རྟེན་ཆེན་པོ་ལྔ”ཡི་མཉམ་ལས་བྱེད་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཐའ་འཁྱོངས་བྱེད་པ་དང་། ཅ་དབན་མྱུར་བགྲོད་ལྕགས་ལམ་གཉེར་སྐྱོང་ཡག་པོ་རྒྱུན་མཐུད་བྱེད་པ། “ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས། འཁོར་རྒྱུག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཚོ་ཐོག་ཐུན་མོང་གསར་སྤེལ་གྱི་མཉམ་ལས་བྱེད་པ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། མཉམ་འདྲེས་འཕེལ་རྒྱས་དེ་བས་མངོན་འགྱུར་ཡག་པོ་ཡོང་བ་བཅས་བྱས་ནས། རང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་དམངས་ཕན་ལས་གྲྭ་དེ་བས་མང་བ་བཏོད་དེ་དབུལ་ཕོངས་ཉུང་གཏོང་དང་། སྨན་དང་སྨན་བཅོས། འབྲུ་རིགས་འདེབས་འཛུགས། ཉ་ལས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧིན་རྡུ་ཉི་ཞི་ཡའི་ཚན་ཞིབ་ཤེས་ལྡན་པ་གསོ་སྐྱོང་དང་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་སྟབས་བདེ་ཅན་གྱི་བྱ་ཐབས་དེ་བས་མང་བ་བཏོན་ནས་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་70འཁོར་བའི་ལོ་ཞིག་དང་སང་ལོ་ནི་དབན་ལུང་ཚོགས་འདུ་འཚོགས་ནས་ལོ་70འཁོར་བའི་ལོ་ཞིག་རེད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་། གསར་དར་ཁྲོམ་རའི་རྒྱལ་ཁབ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གཙོ་བོ་བཅས་ཡིན་པའི་ངོས་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཞི་བདེ་དང་། མཉམ་ལས། བསྟུན་མཁས། མཉམ་འདྲེས་བཅས་ལྟེ་བར་བྱེད་པའི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་ཐུན་མོང་ཐོག་དར་སྤེལ་བཏང་ནས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དང་དབན་ལུང་གི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་ལྡན་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཐུན་སྒྲིལ་རང་སྟོབས་ལ་སྣེ་ཁྲིད་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་དེ་བས་ཟབ་པའི་ཕྱོགས་མང་འཐབ་ཇུས་མཐུན་སྦྱོར་བྱས་ནས། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།
ཕུའུ་ལ་པོ་ཝོ་ཡིས་གསུངས་དོན། ཀྲུང་གོ་ནི་རྒྱལ་ཁབ་རླབས་པོ་ཆེ་ཞིག་ཡིན་པ་དང་། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོར་ལོ་ངོ་སྟོང་གི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལྡན་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོའང་རྒྱུན་འཁྱོངས་ཐུབ་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དེ་བས་དམ་ཟབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་གྱུར་བར་བྱས་ནས། ས་ཁུལ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་རེ་བ་ཡོད། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མ་ཟད། ཨེ་ཤེ་ཡ་ས་ཁུལ་གྱིས་ཞི་བདེ་འཕེལ་རྒྱས་དེ་བས་ལེགས་པའི་ངང་མངོན་འགྱུར་ཡོང་བར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་རེད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མུ་མཐུད་མཉམ་སྐྲུན་དང“ཀ་རྟེན་ཆེན་པོ་ལྔའི”མཉམ་ལས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུའི་གཏེར་རྫས། སྨན་དང་སྨན་བཅོས། ཞིང་ལས། སྡོད་ཁང་། མཚོ་ཐོག་ཐུན་མོང་གསར་སྤེལ། འབྲུ་རིགས་བདེ་འཇགས། དབུལ་ཕོངས་ཉུང་གཏོང་སོགས་ཕྱོགས་ཡོངས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཧིན་རྡུ་ཉི་ཞི་ཡར་མ་འཇོག་བྱེད་པར་ཡོང་བར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་ལ་རྦད་དེ་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ། ཀྲུང་གོ་སྲིད་གཞུང་གིས་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཤིན་ཅང་དང་འབྲེལ་བའི་ལས་དོན་ནི་རྦད་དེ་ཀྲུང་གོའི་ནང་སྲིད་ཡིན་པས་ཧིན་རྡུ་ཉི་ཞི་ཡས་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་ཤིན་ཅང་གི་འཕེལ་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་དྲང་གཞག་དྲང་བདེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡས་རང་བཙན་རང་བདག་མཐའ་འཁྱོངས་དང་། མནའ་འབྲེལ་དུ་མི་ཞུགས་པའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས། ཕྱོགས་གསུམ་པར་དམིགས་པའི་དམག་དོན་མནའ་འབྲེལ་ནམ་ཡང“འཁོར་རྒྱ་ཆུང་ངུ”གང་རུང་ནང་མི་ཞུགས་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བཅས་བྱས་ནས། ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ། འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད།
གླེང་མོལ་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་གསར་སྤེལ་དང་། མཚོ་ཐོག་དཔལ་འབྱོར། ཆུ་བེད། གཏེར་ཁའི་ཐོན་རྫས་སོགས་ཁྱབ་ཁོངས་སྐོར་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།