ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། “ཡུལ་ཤུལ་གྱི་འབྲི་གཡག”རྒྱལ་ཁབ་ཞིང་ལས་དང་གྲོང་གསེབ་པུའི་2024ལོའི་སྤུས་རྟགས་རྩེ་གྲའི་སྐྱེད་སྲིང་འཆར་གཞིའི་ནང་བདམས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱལ་ཁབ་ཞིང་ལས་དང་གྲོང་གསེབ་པུས་2024ལོའི་ཞིང་ལས་སྤུས་རྟགས་རྩེ་གྲའི་སྐྱེད་སྲིང་འཆར་གཞིའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། 2024ལོའི་ཞིང་ལས་སྤུས་རྟགས་ཀྱི་སྤུས་རྟགས་རྩེ་གྲའི་སྐྱེད་སྲིང་འཆར་གཞིའི་ནང་རྒྱལ་ཡོངས་ཀྱི་ཞིང་ལས་སྤུས་རྟགས་ཁག་82བཅུག་པ་དང་། མཚོ་སྔོན་ཞིང་ཆེན་གྱི“ཡུལ་ཤུལ་འབྲི་གཡག”གི་དམིགས་བསལ་གྱི་སྤུས་ཀ་དང་ལེགས་ཆར་བརྟེན་ནས་འདེམས་བསྐོའི་ནང་ཞུགས་པའི་སྤུས་རྟགས་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ་མཚོ་སྔོན་ཞིང་ཆེན་གྱི་བདམས་ཐོན་བྱུང་བའི་སྤུས་རྟགས་འབའ་ཞིག་ཏུ་གྱུར་ཡོད་པ་རེད།
ཡུལ་ཤུལ་ས་ཁུལ་གྱི་རང་བྱུང་ས་བབ་མཐོ་བའི་ཁོར་ཡུག་དང་། དྭངས་གཙང་གི་ཆུ་མགོ ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་བཅས་ཀྱིས་འབྲི་གཡག་གི་སྐྱེ་འཕེལ་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་བསྐྲུན་པས་ཡུལ་ཤུལ་གྱི་འབྲི་གཡག་ལ་ཤའི་བྲོ་བ་ཞིམ་པ་དང་། འཚོ་བཅུད་ཕུན་སུམ་ཚོགས་པ། ལྷད་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།
མིག་སྔའི་བར“ཡུལ་ཤུལ་གྱི་འབྲི་གཡག”ལ་རྒྱལ་ཁབ་ཀྱི་ཞིང་ཞོར་ཐོན་ཟོག་གི་ས་ཁམས་མཚོན་རྟགས་ཀྱི་ཐོ་འགོད་ལག་ཁྱེར་ཐོབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ཞོར་ཐོན་ཟོག་གི་ལེགས་ཆའི་ཁུལ་དང་། ཀྲུང་གོའི་ཞིང་ཞོར་ཐོན་ཟོག་གི་མཚོན་རྟགས་རྩེ་གྲ་བརྒྱ། གྲོང་གསེབ་དར་རྒྱས་ཀྱི་སྤུས་རྟགས་དུས་ཆེན་སྐབས་དང་པོའི་ཐོན་ལས་དར་རྒྱས་ཀྱི་དཔེ་མཚོན་ཆེ་གྲས་10བཅས་ནང་ཚུད་པ། རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པའི་ཐོན་ཁུངས་སྲུང་སྐྱོང་གི་མིང་གཞུང་དང་མཚོ་སྔོན་གྱི་ཞིང་ཞོར་ཐོན་ཟོག་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གྲས་སུ་ཚུད་ཡོད་པ་རེད། ད་ཐེངས་བདམས་ཐོན་བྱུང་བ་དེས“ཡུལ་ཤུལ་གྱི་འབྲི་གཡག”གི་ཞིང་ཞོར་ཐོན་ཟོག་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། དེས་ཡུལ་ཤུལ་འབྲི་གཡག་གི་སྐད་གྲགས་ཆོད་ཚད་དང་མཚན་སྙན་སྔར་བས་ཆེ་རུ་འགྲོ་རྒྱུ་དང་ཁྲོམ་རའི་ཐོབ་སྐལ་མང་དུ་ཕྱིན་ནས་ས་གནས་དེ་གའི་འབྲོག་པར་དཔལ་འབྱོར་གྱི་ཕན་འབྲས་དེ་བས་མང་བ་ཐོབ་རྒྱུ་རེད་ལ། ཡུལ་ཤུལ་ས་ཁུལ་གྱི་ཞིང་འབྲོག་ལས་ཐོན་ལས་རིམ་སྤོར་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཐུབ་རྒྱུ་རེད།