དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལ་དང་གླེང་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-10

    ཟླ་11ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལ་དང་གླེང་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མཱ་ཐ་ལེ་ལ་དང་ཁོང་གི་བུ་མོ་ལུའོ་ལ་དང་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།

    ཟླ་11ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལ་དང་གླེང་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་མཱ་ཐ་ལེ་ལར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་གྱི་འཚམས་འདྲིར་ཕེབས་པའི་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལ་དང་གླེང་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པའི་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས། ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་དབྱི་ཐ་ལི་ཡིས་སྒོ་དབྱེ་བསྟུན་མཁས་དང་མཉམ་སྡུད་མཉམ་ལེན་གྱི་སྲོལ་རྒྱུན་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐད་ཆ་ཤོད་རེས་བྱས་ནས་འགལ་ཟླ་སེལ་བ་དང་མཉམ་ལས་ལ་བརྟེན་ནས་གདོང་གཏུག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། གཉིས་ཁེ་གཉིས་ཕན་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་མངོན་གསལ་དོད་ཤོས་ཀྱི་གཞི་མཚོན་དུ་འགྱུར་བ་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་དབྱི་ཐ་ལིའི་སྲིད་གཞུང་ཨུ་ལྷན་དང་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་གྱི་ནུས་པ་བཏོན་ནས། འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་བསམ་ཤེས་དང་རྒྱབ་སྐྱོར་བྱས་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་རོགས་ཟླ་ཞིག་བྱེད་དགོས། ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་མཉམ་ལས་ལ་གྲུབ་འབྲས་ཀྱིས་ཕྱུག་པ་དང་གསོན་ཤུགས་ཀྱིས་ཁེངས་པས། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་མུ་མཐུད་ཟབ་ཏུ་གཏོང་བ་དང་། རེས་སྐོར་གསར་པའི་རིག་གནས་མཉམ་ལས་ལག་བསྟར་འཆར་གཞི་དོན་འཁྱོལ་ཡག་པོ་བྱེད་པ། རིག་གནས་སྒྱུ་རྩལ་དང་། རིག་དངོས་སྲུང་སྐྱོབ། གསུང་རབ་ཀྱི་བཀའ་རྩོམ་ཕབ་སྒྱུར། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རིག་གནས་ཤུལ་བཞག་ཁུལ་གྱི་མཉམ་ལས་ཀྲུང་གོ་དང་དབྱི་ཐ་ལིའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས། ཕྱོགས་གཉིས་པོས་སྐད་ཡིག་སློབ་ཁྲིད་དང་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་ལ་རྒྱབ་སྐྱོར་བྱས་ནས་དུས་རབས་གསར་པའི་མཱ་ཁོ·པོ་ལུའོ་དེ་བས་མང་བ་ཐུན་མོང་ཐོག་གསོ་སྐྱོང་བྱེད་དགོས། ཕྱོགས་གཉིས་པོས་ཕན་ཚུན་གྲུབ་འབྲས་ཐོབ་པའི་མཉམ་ལས་རོགས་ཟླ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་དབར་ཕན་ཚུན་མ་འཇོག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཚན་རྩལ་དང་ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་གཙང་མ། མཁའ་འགྲུལ་སོགས་ཁྱབ་ཁོངས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། དེང་གི་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། ཞི་བདེ་དང་དགེ་མཚན་ལྡན་པའི་སྟོབས་ཤུགས་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཡོ་རོབ་ཀྱིས་འཐབ་ཇུས་འབྲེལ་གཏུག་དང་། སྒོ་དབྱེ་མཉམ་ལས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་ཕྱོགས་གཉིས་པོར་ཕན་ཐོགས་ཡོད་ལ། འཛམ་གླིང་ལའང་ཕན་ཐོགས་ཡོད། ཀྲུང་གོས་ཡོ་རོབ་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་པས་ཕྱོགས་གཉིས་པོས་མཉམ་ལས་གཉིས་ཕན་མཐའ་འཁྱོངས་དང་མི་མཐུན་པར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་ད་ལྟའི་འབྲེལ་བ་འཐུས་ཚང་དང་བརྟན་པོ་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ལ། དབྱི་ཐ་ལི་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བའང་ཡོད།

    མཱ་ཐ་ལེ་ལ་ཡིས་གསུངས་དོན། ངས་2017ལོར་ཀྲུང་གོར་འཚམས་འདྲི་བྱེད་སྐབས་ཀྱི་གནས་ཚུལ་དང་དེ་བཞིན་2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དབྱི་ཐ་ལིར་འཚམས་འདྲིར་ཕེབས་སྐབས་སྣེ་ལེན་ཞུས་པའི་གནས་ཚུལ་ད་དུང་གསལ་པོར་དྲན་གྱི་འདུག འདི་ལོ་ནི་མཱ་ཁོ·པོ་ལུའོ་སྐུ་གཤེགས་ནས་ལོ་700འཁོར་བའི་ལོ་ཡིན། མཱ་ཁོ·པོ་ལུའོ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བ་ནི་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་བ་དང་ཤེས་དཔལ་ཆེན་པོ་གཉིས་འོད་མདངས་འཕྲོ་རེས་བྱེད་པའི་བསྡུས་རིས་ཤིག་རེད། དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པས། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་བརྒྱབ་ནས་ཞི་མཐུན་མཉམ་གནས་ཡོང་བར་བྱེད་དགོས། དབྱི་ཀྲུང་གིས་རིག་གནས་དང་། སློབ་གསོ། སྐད་ཡིག་སློབ་ཁྲིད། ཤུལ་བཞག་ཁུལ་ཡག་པོ་འཛུགས་པ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལེཌ་སྐྱེས་གསར་པ་འབུལ་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ནས་ཀྲུང་གོ་ཐོག་མཐའ་བར་གསུམ་དུ་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་དབྱི་ཀྲུང་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོཌ་ཟླའི་འབྲེལ་བ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུཌ་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། གནད་དོན་གལ་ཆེན་མང་པོའི་ཐད་དབྱི་ཐ་ལི་ཕྱོགས་ཀྱི་ལངས་ཕྱོགས་དང་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་འདྲ་པོ་ཡོད་པས། ཚང་མས་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་ཕན་ཚུན་སྒོ་དབྱེ་དར་སྤེལ་བཏང་སྟེ་དགེ་མཚན་ལྡན་པའི་འབྲེལ་གཏུག་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགྲན་སློང་སྣ་ཚོགས་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ཟབ་ཏུ་བཏང་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ཤེས་དཔལ་ཆེན་པོ་གཉིས་ཡིན་པའི་དབྱི་ཀྲུང་གི་བློ་གྲོས་ལེགས་སྐྱེས་འབུལ་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།