དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་མཚོ་ནུབ་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་120ཟིན་པ།
ཟླ་11ཚེས་6ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚོང་འགུགས་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚུན་དུ། མཚོ་ནུབ་ཀྲོའུ་ཡིས་ཚོང་འགུགས་མ་འདྲེན་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་ཚོང་འགུགས་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་ལེགས་སུ་བཏང་ནས་ཚོང་འགུགས་མ་འདྲེན་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ཟླ་དང་པོ་ནས་དགུ་པའི་བར་ཀྲོའུ་ཡོངས་སུ་རིམ་རྩིས་བྱས་ན་ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་120.02དམིགས་སར་འབྱོར་ནས་གྲབས་གསོག་ཁག་གཅིག་དང་། གན་རྒྱ་བཞག་པ་ཁག་གཅིག ལས་འགོ་ཚུགས་པ་ཁག་གཅིག་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
མཚོ་ནུབ་ཀྲོའུ་ཡིས་ཚོང་འགུགས་མ་འདྲེན་གྱི“འགོ་གཙོ་དང་པོའི”འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཐོག་འགོ་ཁྲིད་གཙོ་བོ་དང་ཐོན་ལས་འཁོར་འབྲེལ་དཔོན་ཕྱིར་བསྐྱོད་དེ་ཚོང་འགུགས་ཇུས་གཞི་བཟོས་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གསོག་འཇོག་དང་། ཆ་འཕྲིན་གཅིག་སྡུད། རྣམ་གྲངས་ངོ་འཕྲད་གྲོས་མོལ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་འགོ་ཁྲིད་གཙོ་བོས་རུ་སྣེ་འཁྲིད་དེ་པེ་ཅིང་དང་། ཀྲེ་ཅང་། ཅང་སུའུ། སི་ཁྲོན་སོགས་སུ་བསྐྱོད་དེ་རྣམ་གྲངས་57ལ་རྟོག་ཞིབ་སྦྲེལ་མཐུད་དང་ངོ་འཕྲད་གྲོས་མོལ་བྱས་པ་དང་། ས་ཁུལ་དང་། སྡེ་ཚན། གླིང་ཁུལ་བཅས་ཀྱིས་ཡན་ལག་ཚོགས་ཆུང་དབྱེ་ནས་ཨན་ཧུའེ་དང་། ཧོ་ནན། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་བསྐྱོད་དེ་རྟོག་ཞིབ་དང་སྦྲེལ་མཐུད་ཐེངས་36བྱས་པ། ཀྲོའུ་ནང་ཁུལ་གྱི“གནད་དང་གནད”བྱས་ནས་འབྲེལ་གཏུག་དང་ངོ་འཕྲད་གྲོས་མོལ་བྱེད་མཁན་ཁེ་ལས་90ལྷག་ཙམ་གྱིས་སྔ་རྗེས་སུ་ངོ་འཕྲད་གྲོས་མོལ་བྱེད་མཁན་ཁེ་ལས་དང་མཐུན་ཚོགས་སོགས་130ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། 《མཚོ་ནུབ་ཀྲོའུ་ཡི་ཚོང་འགུགས་མ་འདྲེན་རྣམ་གྲངས་དེབ》རྩོམ་སྒྲིག་པར་སྐྲུན་དང་། རྣམ་གྲངས་ཀྱི་གློག་རྡུལ་དེབ་བཟོ་བ། 《མཚོ་ནུབ་ཀྲོའུ་ཡི་2024ལོའི་ཚོང་འགུགས་མ་འདྲེན་གྱི་འགག་སྒྲོལ་ལོའི་ལས་ཀའི་གཙོ་གནད》བཟོས་པ་རེད།
ལས་སྟེགས་མང་པོ་ནས་ཚོང་འགུགས་ལ་སྐུལ་འདེད་གཏོང་བའི་ཐད། “མཚོ་ནུབ་ཚོང་འགུགས”ཀྱི་བྱ་རིམ་ཆུང་གྲས་བརྒྱུད་རྣམ་གྲངས་འདྲེན་འགུགས་དེ་ངོ་འཕྲད་གྲོས་མོལ་དང་། ཁ་གཏད་སྦྲེལ་མཐུད། རྗེས་སྙེགས་གན་འཇོག་བཅས་ནས་ལས་འགོ་འཛུགས་པ་དང་ཐོན་སྐྱེད་བྱས་ནས་ཕན་འབྲས་ཐོན་པའི་བར་གྱི་དུས་འཁོར་ཧྲིལ་པོའི་རྗེས་སྙེག་ཞབས་ཞུ་མངོན་འགྱུར་བྱུང་ཡོད། ཁེ་ལས་སྒྲིག་འཛུགས་བྱས་ཏེ“ལན་ཀྲོའུ་ཡི་ངོ་འཕྲད་གྲོས་མོལ་འདུ་ཚོགས”དང“ལེའོ་ཉིང་གི་ངོ་འཕྲད་གྲོས་མོལ་འདུ་ཚོགས”སོགས་རྒྱལ་ནང་གི་འགྲེམས་ཚོགས་གལ་ཆེན་ནང་ཞུགས་ནས་ཚོང་འགྲུལ་གཙོ་བོའི་ཐུག་འཕྲད་བྱེད་སྒོ་ཁག་8སྤེལ་ཡོད་པ་རེད། ལྗང་མདོག་རྩིས་ནུས་དང་དེ་བཞིན་ལིན་ཧུའུ་མཚེའུ་འཛམ་གླིང་རིམ་པའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཞིབ་འཇུག་རྟེན་གཞིའི་འོས་སྦྱོར་འདུ་ཚོགས་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་སྦྲགས། ལྗང་མདོག་རྩིས་ནུས་ལྟེ་གནས་དང་། གནམ་དཔྱད་ལྟ་ཞིབ་ཚད་ལེན་ཞིབ་འཇུག སྨན་བཅོས་ཀྱི་གྲངས་གཞི་ཆེན་པོ་སོགས་རྩིས་ནུས་དང་གནམ་དཔྱད་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་སྒྲོམ་གཞིའི་མཉམ་ལས་དྲན་ཐོ་17ལ་མིང་རྟགས་བཀོད་ཡོད་པ་རེད།