དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གཉིས་ཁེའི་མཉམ་ལས་ཟབ་ཏུ་བཏང་ནས་ཤེས་དཔལ་དཔྱད་གཞིར་འཛིན་རེས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅ་ཀུའེ་ཏེ།   |     སྤེལ་དུས།  2024-11-09

    ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐེ་ལེ་ལ་ཡིས་ཟླ་11ཚེས་7ནས་ཚེས་12ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་ཞིང་། དེ་ནི་ཙུང་ཐུང་མཱ་ཐེ་ལེ་ལ་ཡིས་ལོ་བདུན་གྱི་རྗེས་སུ་སླར་ཡང་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པ་ཞིག་ཡིན་པས་ཀྲུང་གོ་དང་དབྱི་ཐ་ལིའི་དབར་གྱི་ཕྱོགས་གཉིས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། སྲོལ་རྒྱུན་གྱི་མཛའ་མཐུན་ཟབ་ཏུ་གཏོང་བ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་དྲང་ནུས་དེ་བས་མང་བ་སྦྱིན་རྒྱུ་རེད།

    ཀྲུང་གོ་དང་དབྱི་ཐ་ལིའི་དབར་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱས་ཏེ་མཛའ་མཐུན་འགྲོ་འོང་བྱ་བའི་ལེའུ་གསར་པ་མུ་མཐུད་བརྩམས་ཡོད། 1970ལོར་ཕྱི་འབྲེལ་བཙུགས་པ་དང་། ལྷག་པར་དུ་2004ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཀྲུང་གོ་དང་དབྱི་ཐ་ལིའི་མཐོ་རིམ་དབར་རྒྱུན་མཐུད་འགྲོ་འོང་བྱས་ནས། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་གྱི་ཡིད་ཆེས་ཆེ་རུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཐེ་ལེ་ལ་དང་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། འཕེལ་རྒྱས་བཅས་ཡོང་ཆེད་ཁ་ཕྱོགས་སྟངས་འཛིན་གནང་ཡོད། འདི་ལོའི་ཟླ་བདུན་པར་དབྱི་ཐ་ལིའི་ཙུང་ལི་མེ་ལོ་ནེ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རིང་། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་འཆར་གཞི(2024ལོ་ནས་2027ལོའི་བར)》སྤེལ་ཏེ། ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་ཚུལ་སྲུང་སྐྱོང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མི་མངོན་པའི་སྟོབས་ཤུགས་ཐད་ཀྱི་ཐུན་མོང་ངོས་འཛིན་ལ་འགྲེལ་བཤད་གང་ལེགས་བརྒྱབ་ནས་ཀྲུང་གོ་དང་དབྱི་ཐ་ལི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།

    ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མདུན་སྐྱོད་ཀྱིས་གོ་ལ་ཧྲིལ་པོའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་མཉམ་ལས་ཆེན་པོ་ཆགས་རྒྱུར་རམ་འདེགས་བྱས་ཡོད། མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་འབྱུང་བཞིན་ཡོད་པས། རྒྱལ་ཁབ་ཁག་གིས་སྒོ་དབྱེ་བསྟུན་མཁས་ཀྱི་བསམ་བློའི་ཐོག་ནས་ཤེས་དཔལ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ། ཤེས་དཔལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་འཕྲད་པའི་འགྲན་སློང་ལ་ཁ་གཏད་བཅག་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་དབྱི་ཐ་ལི་ནི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་གལ་ཆེན་ཡིན་ལ། བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་མཐའ་འཁྱོངས་བྱེད་མཁན་གྱི་ཕྱོགས་མང་རིང་ལུགས་ཀྱི་གྲོས་འགོ་འདོན་མཁན་དང་ལག་ལེན་བསྟར་མཁན་ཡང་ཡིན། ཀྲུང་གོས་དབྱི་ཐ་ལི་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་མོས་ཚོང་དོན་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་སོགས་ཐད་ལ་མཐུན་སྦྱོར་གཞོགས་འདེགས་ཧུར་ཐག་བྱས་ཏེ། གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་སོགས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མིའི་རིགས་ཀྱི་ཐུན་མོང་གི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།