རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་བཀྲམ་པ།
གངས་འཁྱགས་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གངས་འཁྱགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་པ།
ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གངས་འཁྱགས་ལུས་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གངས་འཁྱགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ཞིང་། དེའི་དམིགས་ཡུལ་ནི“མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ལ་ཞུགས་པར་སྐུལ་ཁྲིད་བྱེད་པའི”གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གངས་འཁྱགས་ལུས་རྩལ་ཁྲིད་སྟོན་དུ་བྱས་ཏེ། གངས་འཁྱགས་ཀྱི་རིག་གནས་དང་། གངས་འཁྱགས་ཀྱི་སྒྲིག་ཆས། གངས་འཁྱགས་ཀྱི་ཡུལ་སྐོར་བཅས་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་གངས་འཁྱགས་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་རེད།
《བསམ་འཆར》ནང་ཕྱོགས་བརྒྱད་ཀྱི་ཐད་ནས་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་སྟེ། གཅིག་ནས་གངས་འཁྱགས་ལུས་རྩལ་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཤིང་། མང་ཚོགས་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་རྒྱ་ཁྱབ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གངས་འཁྱགས་ལུས་རྩལ་གྱི་རྩལ་འགྲན་ཆུ་ཚད་མཐོ་རུ་གཏོང་བ། གངས་འཁྱགས་རྣམ་གྲངས་ཀྱི་འགྲན་བསྡུར་འཁྲབ་སྟོན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་གངས་འཁྱགས་དཔལ་འབྱོར་ཐོན་ལས་ཀྱི་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གངས་འཁྱགས་དཔལ་འབྱོར་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གངས་འཁྱགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ། གངས་འཁྱགས་ཀྱི་སྒྲིག་ཆས་དང་ཡོ་བྱད་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གངས་འཁྱགས་ཀྱི་ཡུལ་སྐོར་ལེགས་སུ་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། གསུམ་ནས་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། གངས་འཁྱགས་ར་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ལེ་ལག་ཚང་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། བཞི་ནས་གངས་འཁྱགས་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་ཤིང་། གངས་འཁྱགས་ཁྱབ་ཁོངས་ཀྱི་གྲགས་ཅན་སྤུས་རྟགས་དང་སྣེ་འདྲེན་ཁེ་ལས་ཁག་གཅིག་གཏོད་པ་དང་། གངས་འཁྱགས་ཁྱབ་ཁོངས་ཀྱི་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་ཁག་གཅིག་སྐྱེད་སྲིང་བྱེད་པ། གངས་འཁྱགས་ལུས་རྩལ་གྱི་རྩ་འཛུགས་སྐྱེད་སྲིང་ཧུར་ཐག་བཅས་བྱེད་དགོས། ལྔ་ནས་གངས་འཁྱགས་འཛད་སྤྱོད་ལ་སྐུལ་འདེད་དང་རྒྱ་ཆེར་གཏོང་དགོས་ཤིང་། གངས་འཁྱགས་འཛད་སྤྱོད་ཀྱི་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། གངས་འཁྱགས་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། གངས་འཁྱགས་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། དྲུག་ནས་གངས་འཁྱགས་དཔལ་འབྱོར་གྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གངས་འཁྱགས་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གངས་འཁྱགས་ཀྱི་ས་ཆ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བདུན་ནས་གངས་འཁྱགས་ཀྱི་དཔལ་འབྱོར་གྱི་ཕྱི་ཕྱོགས་མཉམ་ལས་ཟབ་ཏུ་གཏོང་དགོས་ཤིང་། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་གངས་འཁྱགས་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་འཛུགས་པ་དང་རྒྱལ་སྤྱིའི་གངས་འཁྱགས་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་དགོས། བརྒྱད་ནས་ཞབས་ཞུའི་འགན་ལེན་ཆེ་རུ་གཏོང་དགོས་ཤིང་། གངས་འཁྱགས་དཔལ་འབྱོར་བསྡོམས་རྩིས་ཀྱི་ཚད་གཞི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྡོམས་རྩིས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གངས་འཁྱགས་ལུས་རྩལ་ར་བ་དང་། གངས་འཁྱགས་རོལ་རྩེད་ཁང་། གངས་འཁྱགས་འགྲན་བསྡུར་བྱེད་སྒོ། གངས་འཁྱགས་སྒྲིག་ཆས་སྒྲིག་བཀོད་སོགས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། གངས་འཁྱགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།