ཁག་བདུན་པའི་བོད་སྐྱོར་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་ཏུའུ་ཧུའེ།
ཆ་སྙོམས་ས་བབ་སྨི་4500ཡན་ཟིན་པའི་བོད་ལྗོངས་མངའ་རིས་ལ“སྲོག་གནས་དཀའ་ཁུལ”དང“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་ཀྱི་ཡོད། 2013ལོའི་ཟླ་7པར་ཏུའུ་ཧུའེ་ཧོ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཞིག་གི་ངོས་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་གྱི་འགན་ཁུར།
བོད་སྐྱོར་ལོ་གསུམ་བྱེད་རིང་ཁོང་གིས་ས་གནས་དེ་གའི་ཚོགས་པའི་སྣེ་ཁྲིད་དེ་མངའ་རིས་ས་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་མང་དུ་ཤུགས་ཆེན་བཏང་བ་དང་ཉེན་ཚབས་ཆེ་བའི་སྦྲུམ་མ་དང་སྐྱེད་མ་མང་པོ་ཞིག་གི་སྲོག་བསྐྱབས་ནས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་སྦྲུམ་མ་དང་སྐྱེད་མ་འཆི་ཚད་ལོ་རྒྱུས་ཀྱི་དམའ་ཤོས་སུ་བཅག་ཡོད། ཁོང་གིས་སེམས་ནུས་ཡོད་རྒུ་འདོན་པ་དང་བྱང་ཆུབ་པའི་ལག་རྩལ་དང་དེ་བཞིན་སྨན་པའི་བྱམས་སེམས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་འཇོག་ཐོབ་སྟེ་མངའ་རིས་ས་ཁུལ་གྱི་བོད་རིགས་སྤུན་ཟླའི་ཚེ་སྲོག་སྲུང་མཁན་དུ་གྱུར།
འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ལྷག་བསམ་རྣམ་དག་གིས་དད་སེམས་ལག་ལེན་བསྟར།
བོད་སྐྱོར་བྱས་མ་ཐག་པའི་དུས་སུ་ཏུའུ་ཧུའེ་ལ་འགྲན་སློང་དྲག་པོ་ཞིག་འཕྲད་ཅིང་། ལྷ་སར་འབྱོར་རྗེས་ཁོང་ལ་དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་ནད་རྟགས་ཚབས་ཆེན་ཐོན་པ་དང་། སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་གློ་བར་ཆུ་བསགས་པ་དང་དོས་དྲག་རང་བཞིན་གྱི་སྙིང་གཡོན་མ་ཉམས་པ་ཤེས་ནས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་བྱས་རྗེས་གཞི་ནས་སྲོག་ཉེན་ལས་ཐར་ཙམ་བྱུང་།
ཏུའུ་ཧུའེ་ཡི་གཟུགས་གཞིའི་གནས་ཚུལ་ལ་དམིགས་ནས་སྨན་པས་ཁོང་ལ་བོད་སྐྱོར་ལས་དོན་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན། འོན་ཀྱང་ཁོང་གིས་བློ་རྩ་དེ་བས་བརྟན་པོའི་ངང་མུ་མཐུད་ལྷ་ས་ནས་ས་བབ་དེ་བས་མཐོ་བའི་མངའ་རིས་སུ་བསྐྱོད།
མངའ་རིས་སུ་འབྱོར་ནས་ས་འཕྲོད་ངལ་གསོ་རྒྱག་རིང་། ཏུའུ་ཧུའེ་ལ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་ཁ་པར་ཞིག་འབྱོར་ནས“རྒན་ཏུའུ་ལགས། གཤགས་བཅོས་བྱས་པའི་ནད་པ་ཞིག་ལ་ཁྲག་མང་པོ་དོན་གྱི་འདུག ཁྱེད་རང་གཟིགས་པར་ཕེབས་ན་འགྲིག་གམ”ཞེས་བཤད།
ཁ་པར་འབྱོར་རྗེས་ཏུའུ་ཧུའེ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཕྲལ་མར་གཤགས་བཅོས་ཁང་གི་ཕྱོགས་སུ་བསྐྱོད། གཤགས་བཅོས་ཁང་དུ་མ་འཛུལ་གོང་སྦྲིད་སྨན་སྨན་པ་ནོར་སྒྲོན་གྱིས་ཁོང་ལ་གསོ་རླུང་རྔུབ་བྱེད་སྦུ་གུ་ཞིག་བཏགས། ཆུ་ཚོད་གཉིས་ཙམ་འབད་བརྩོན་བྱས་པ་བརྒྱུད་མཐར་གཤགས་བཅོས་ལེགས་གྲུབ་བྱུང་ནས་ནད་པ་སྲོག་ཉེན་ལས་ཐར། ཏུའུ་ཧུའེ་ཡི་ལས་བཀུར་སྙིང་སྟོབས་ལ་ལས་རོགས་ཚོའི་བརྩི་འཇོག་ཐོབ་པ་མ་ཟད། “བོད་དུ་གསོ་རླུང་རྔུབ་ཀྱིན་གཤགས་བཅོས་བྱེད་པའི”བྱ་བ་དེའང་ས་གནས་དེ་གར་ཁྱབ་པའི་གཏམ་སྙན་མོ་ཞིག་ཏུ་གྱུར།
དཀའ་ངལ་ཁྱད་བསད་དང་བློ་གཅིག་སེམས་གཅིག་གིས་སྲོག་སྐྱོབ་རྨས་སྐྱོང་བྱས།
ཏུའུ་ཧུའེ་ཡིས་མངའ་རིས་སུ་གཤགས་བཅོས་བྱེད་ཐེངས་གཉིས་པ་ནི་རྒྱུན་གཏན་གྱི་ཁོག་པ་གཤགས་ནས་ཕྲུ་གུ་འདོན་པ་དེ་ཡིན་ཞིང་། གཤགས་བཅོས་ཕྱེད་ཀ་ཙམ་ལ་སླེབས་སྐབས་གློ་བུར་དུ་གློག་ཆད་པ་དང་སྨན་ཁང་དུ་སྐབས་དེ་དུས་གྲབས་གློག་མེད་སྟབས་ཁོང་གིས་ལག་བཞུ་དང་ཁ་པར་གྱི་གློག་འོད་ལ་བརྟེན་ནས་གཤགས་བཅོས་མཐའ་འཁྱོངས་བྱ་རྒྱུ་ལས་མ་འདས།
གསོ་རླུང་མི་འདང་བ་དང་། གློག་ཆད་པ། སྐད་བརྡ་མི་འཕྲོད་པ་བཅས་ཕུད། ཏུའུ་ཧུའེ་ལ་ད་དུང་དཀའ་གནད་གཞན་མང་པོ་ཞིག་འཕྲད་ཅིང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་ཏུ་སྨན་པ་4ལས་མེད་པ་དང་ཆེད་ལས་ཚན་ཁག་གི་ནད་སྐྱོང་བ་མེད་ལ་སྐྱེ་བསུ་བའང་མེད་པས། སྤྱིར་བཏང་གི་སྐྱེ་བསུའི་ལས་ཀ་ཡང་སྨན་པས་བྱེད་དགོས་ཀྱི་ཡོད་སྟབས་ལས་འགན་ཧ་ཅང་ལྕི་པོ་ཡོད།
དེ་དང་ཆབས་ཅིག་ཏུའུ་ཧུའེ་ཡིས་ད་དུང་ཆུ་ཚོད་24ཡི་རིང་དུས་ལ་མ་བལྟོས་པར་ནད་པར་བརྟག་དཔྱད་བྱེད་པ་དང་ཉེན་ཚབས་ཆེ་བའི་ནད་པར་སྨན་བཅོས་བྱེད་པའི་ལས་འགན་འཁུར་གྱི་ཡོད།
2013ལོའི་ཟླ་9པའི་ཉིན་ཞིག་གི་ཐོ་རེངས་ཆུ་ཚོད་གསུམ་པ་ལྷག་ཙམ་ལ། དོས་དྲག་བརྟག་དཔྱད་ཁང་དུ་དགེ་རྒྱས་རྫོང་ནས་ལོ་23ལ་སླེབས་པའི་ནད་པ་ཞིག་བསྐྱལ་ཡོང་བ་དེ་ནི་མངལ་ཤོར་ནས་ཟུངས་ཁྲག་ཉམས་ཏེ་གདོང་མདོག་སྐྱ་བོར་གྱུར་པ་མ་ཟད། དབུགས་ཉམས་པ་དང་བཙོག་གཅིན་སྐུམས་མི་ཐུབ་པ། ཁྲག་རྩི་དམར་པོ་ཁེ་2ལས་མེད་པ་རེད། འདི་འདྲའི་ཟུངས་ཁྲག་ཚབས་ཆེན་ཉམས་པའི་ནད་པ་ཞིག་ལ་སྨན་བཅོས་བཀོལ་སྤྱོད་ཀྱི་ཚད་གཞི་ལྟར་སྨན་བཅོས་བྱེད་སྟངས་གང་རུང་སྤྱད་ཀྱང་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།
ཚེ་སྲོག་དང་སྨན་བཅོས་ཀྱི་འགན་འཁྲིའི་མདུན་དུ། ཏུའུ་ཧུའེ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མྱུར་སྐྱོབ་བྱ་རྒྱུའི་གདམ་ག་བྱས་པ་དང་། ཉེན་ཁར་མ་འཛེམས་པར་བུ་སྣོད་གཙང་སེལ་གྱི་གཤགས་བཅོས་བྱས། གཤགས་བཅོས་བྱས་རྗེས་མཚན་གུང་ལ་ཚན་ཁག་ཡོངས་ཀྱི་ལས་མིས་ནད་པར་ཚང་མས་ཁྲག་འབུལ་རྒྱུའི་སྐུལ་སློང་བྱས་པ་དང་། མངའ་རིས་མཐའ་སྲུང་ཉིང་ལག་རུ་ཁག་གི་འཐབ་འཛིང་པ་ཚོས་ཀྱང་གནས་ཚུལ་དེ་ཐོས་རྗེས་གཅིག་རྗེས་གཉིས་མཐུད་ངང་ཁྲག་འབུལ་བར་ཡོང་བས་མཐར་ནད་པ་ཉེན་ཁ་ལས་ཐར་ཏེ་དྲག་སྐྱེད་བྱུང་།
ཉམས་མྱོང་དང་ལག་རྩལ་བསླབས་ནས་སྨན་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
བོད་སྐྱོར་བྱེད་རིང་ཏུའུ་ཧུའེ་ཡིས་ད་དུང་མངའ་རིས་ས་ཁུལ་གྱི་བུ་སྣོད་ཀྱི་ཤ་སྐྲན་འགོག་པའི་གཤགས་བཅོས་ཐོག་མ་བྱས་ནས་མངའ་རིས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྟོང་ཆ་མང་པོ་ཞིག་བསབས་པ་རེད།
ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ་ཞེས་པའི་དཔེ་ལྟར། ལས་ཀ་བྱེད་སྐབས་ཏུའུ་ཧུའེ་ཡིས་ལག་རྩལ་དེ་དག་སྦ་གསང་སྤུ་ཙམ་མེད་པར་མངའ་རིས་ཀྱི་ལས་རོགས་ཚོར་བསླབས་ནས་གཟའ་འཁོར་རེར་སྨན་ཁང་གི་སྨན་དོན་པར་གསོ་སྦྱོང་གི་འཆད་ཁྲིད་བྱེད་ཀྱི་ཡོད། བུད་མེད་དང་བུ་བཙའི་ཚན་ཁག་གི་འཕྲལ་སྡོམ་མྱུར་སྐྱོབ་དང་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་ཆེད། ཁོང་གིས་ནད་གཞི་མི་འདྲ་བའི་སྐྱོབ་བཅོས་བརྒྱུད་རིམ་ཚད་ལྡན་བཟོས་པ་མ་ཟད། སྨན་ཁང་གཞན་དུ་སྒྱུར་བའི་ལམ་ལུགས་ཀྱང་བཟོས་ཡོད། ནད་ཐོག་མྱུར་སྐྱོབ་དང་དོས་དྲག་གཤགས་བཅོས་ཀྱི་ཕན་འབྲས་འགན་ལེན་བྱེད་པ་དང་ཆབས་ཅིག་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་དོན་པའི་འཕྲལ་སྡོམ་ནུས་པར་སྦྱོང་བརྡར་ཡང་བྱེད་ཀྱི་ཡོད།
ལོ་གསུམ་རིང་། ཏུའུ་ཧུའེ་དང་ལས་རོགས་ཚོའི་ཐུན་མོང་གི་འབད་བརྩོན་འོག་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་། སྨན་ཁང་སྤྱི་ཡོངས་ཀྱི་ཚན་རིག་དང་མཐུན་པའི་དོ་དམ་ཐད་ལའང་ཡར་རྒྱས་ཆེན་པོ་བྱུང་བ་དང་། ལྷག་པར་དུ་ཉེན་ཚབས་ཆེ་བའི་སྐྱེད་མ་ཤི་ཚད་མངོན་གསལ་དོད་པོས་ཆག་ཡོད་པ་རེད།
བོད་སྐྱོར་བྱེད་རིང་ཏུའུ་ཧུའེ་ཡིས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་གཤགས་བཅོས་ཐེངས་800ལྷག་ཙམ་བྱས་པ་དང་། ཉེན་ཚབས་ཆེ་བའི་ནད་པ་50ལྷག་ཙམ་མྱུར་སྐྱོབ་བྱས་པ། དམར་འབྱར་2000ལྷག་ཙམ་བདེ་མ་ཐང་མའི་ངང་སྐྱེ་བསུ་བྱས་པ་རེད། ཁོང་གིས་བཞག་པ་ནི་ལེགས་གྲུབ་བྱུང་བའི་གཤགས་བཅོས་དེ་དག་ཙམ་མ་ཟད། བརྩེ་བ་ཟབ་མོ་དང་ཚེ་སྲོག་ལ་བཅངས་པའི་གུས་སྐྲག་ཀྱང་ཡིན་པས། མི་དེ་བས་མང་བ་ཞིག་ཡུལ་ཁམས་འདིའི་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་ཞུགས་རྒྱུར་སྐུལ་ལྕག་ཐེབས་ཀྱིན་ཡོད།