གཏིང་སྐྱེས་རྫོང་གིས་བཟའ་བཅའི་བདེ་འཇགས་ཀྱི་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
ཉེ་ཆར། གཏིང་སྐྱེས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པས་རྫོང་གྲོང་གི་ཁྲོམ་གཞུང་གཙོ་བོར“ཡིད་རྟོན་གྲོན་ཆུང་བསྲི་ཚགས་བྱེད། བཟའ་བཅའི་བདེ་འཇགས་མཉམ་དུ་རོལ”ཞེས་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་སར་ལས་དོན་པས་དྲིལ་བསྒྲགས་ཀྱི་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། བློ་འདྲིའི་ལས་སྟེགས་འཛུགས་པ། དྲིལ་བསྒྲགས་ཡིག་ཆ་སྤྲོད་པ། དོགས་གནད་དང་དཀའ་གནད་རང་སར་སེལ་བ་སོགས་ཀྱི་རྣམ་པ་བརྒྱུད། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་ཇི་ལྟར་བྱས་ནས་བདེ་འཇགས་བཟའ་བཅའ་དབྱེ་བ་འབྱེད་དགོས་མིན་དང་ཇི་ལྟར་བྱས་ནས་བཟའ་བཏུང་གི་གོམས་གཤིས་བཟང་པོ་འཇགས་དགོས་པ་སོགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་རེད། དེ་དང་དུས་མཚུངས་དངོས་ཡོད་ཀྱི་དཔེ་མཚོན་གཞིར་བཟུང་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》དྲིལ་བསྒྲགས་བྱས་པ་དང་། མང་ཚོགས་ལ་བཅའ་ཁྲིམས་ཀྱི་མཚོན་ཆར་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་པ། མང་ཚོགས་ཀྱིས་བཟའ་བཅའ་ཉོ་སྐབས་བཟའ་བཅའི་རྟགས་བྱང་དང་། ཐོན་སྐྱེད་དུས་ཚོད། སྤུས་ཚད་འགན་ལེན་དུས་ཚོད་སོགས་ཀྱི་ཆ་འཕྲིན་ལ་དོ་སྣང་བྱས་ཏེ། ཐབས་ལམ་ཡང་དག་ངང་བཟའ་བཅའ་ཉོ་བའི་གདམ་ག་བྱས་ནས་བཟོ་གྲྭ་དང་ལག་ཁྱེར་སོགས་གང་ཡང་མེད་པའི་བཟའ་བཅའ་གཏན་ནས་ཉོ་རྒྱུ་མེད་པའི་དྲན་སྐུལ་བྱས་ཡོད། ད་ཐེངས་ཀྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་ཁྱོན་684ཙམ་སྤྲད་པ་དང་། མང་ཚོགས་མི་ཐེངས་100ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད།