མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས་གྲོང་གསེབ་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས་གྲོང་གསེབ་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐོན་ལས་དར་རྒྱས་དང་། གྲོང་གསེབ་མཛེས་སྡུག གྲོང་མི་བདེ་སྐྱིད་བཅས་ལ་དམིགས་ནས་གྲོང་གསེབ་འཛུགས་སྐྲུན་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་གསེབ་ལྗང་མདོག་དང་། མཛེས་སྡུག་ལྡན་པ། ཕྱུག་པོ་ཆགས་པ་བཅས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྩྭ་མདའ་རྫོང་གིས་ཐོན་ལས་དར་རྒྱས་དང་། གྲོང་གསེབ་མཛེས་སྡུག གྲོང་མི་བདེ་སྐྱིད་བཅས་ལ་དམིགས་ནས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་3.31ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་དཔེ་སྟོན་གྲོང་ཚོ་3དང་། མཛེས་སྡུག་སྡོད་མལ་འཚམ་པའི་གྲོང་ཚོ་4 གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་2 སྡོད་མལ་ཁོར་ཡུག་བཅོས་སྒྲིག་གྲོང་ཚོ་7སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་ད་ཡོད་སྒྲིག་བཀོད་ཕྱོགས་ཡོངས་ནས་སྒྱུར་བཀོད་རིམ་སྤོར་བྱས་ཤིང་། ཆུ་དང་། གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས། དཀར་གསལ་དང་། སྔོ་ལྗང་། མཛེས་པོ་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་ཏེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་ཚོ་14བཏོད་ཡོད་པ་རེད། མ་དངུལ་སྒོར་ཁྲི་116.15བཏང་ནས་གསང་སྤྱོད་གསར་བརྗེའི་ལས་གྲྭ་ལག་ལེན་བསྟར་ཏེ། དུད་ཚང་517གྱི་གསང་སྤྱོད་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་། མི་ཕྱུགས་ལོགས་དབྱེའི་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་རྫོང་ཡོངས་ཀྱི་དུད་ཚང་1512ཚང་མར་ཁྱབ་པར་བྱས་ནས། གྲོང་ཚོའི་ཁོར་ཡུག་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།