སྡོད་ཁང་གསར་པར་སྤོས། དགའ་བའི་འཛུམ་མདངས་འཕྱུར།
—— ཟངས་རི་རྫོང་བྲག་དཀར་གྲོང་གསར་གྱི་སྡོད་ཁང་གསར་པ་བགོ་བའི་མཐོང་ཐོས།
གནས་སྤོས་མང་ཚོགས་ཀྱི་འཐུས་མིར་ཁང་པ་གསར་པའི་ལྡེ་མིག་རག་རྗེས་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བ།
ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་ལ། ཡངས་ཤིང་ཁོད་སྙོམས་པའི་སྣུམ་ནག་ལམ་ཁྱིམ་ཚང་ཚང་མའི་སྒོ་རྩར་བཏིང་ཡོད་པ་དང་། སློབ་གྲྭ་དང་། སྨན་ཁང་། གྲོང་མིའི་བྱེད་སྒོ་ལྟེ་གནས་སོགས་ཀྱང་གྲོང་གསར་གྱི་ཉེ་འགྲམ་དུ་བསྐྲུན་འདུག ཉེ་ཆར། ཟངས་རི་རྫོང་བྲག་དཀར་གྲོང་གསར་དུ་ཁང་པ་བགོ་བའི་མཛད་སྒོ་ཞིག་འཚོགས་པ་དང་གྲོང་ཚོ་ཡོངས་སུ་བཀྲ་ཤིས་དགའ་སྟོན་གྱི་རྣམ་པས་ཁེངས།
ཟངས་རི་རྫོང་བྲག་དཀར་ལུང་ཤུར་གནས་སྤོས་ལས་དོན་གྱི་ཆེད་བསྐོས་ལས་དོན་པ་ཕུན་ཚོགས་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། བྲག་དཀར་གྲོང་གསར་གྱི་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.76བཏང་བ་དང་འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3ཙམ་ཡོད་ལ། སྤྱི་པའི་འཛུགས་སྐྲུན་ནང་གཞི་རིམ་གྱི་སྲིད་དབང་ཞབས་ཞུའི་ལྟེ་གནས་དང་། བུ་བཅོལ་ཁང་། འཕྲོད་བསྟེན་ཁང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སོགས་ཚུད་ཡོད་པ་རེད། རྣམ་གྲངས་བསྐྲུན་པའི་དམིགས་ཡུལ་ནི་བྲག་དཀར་ལུང་ཤུར་གྱི་སྲིད་འཛིན་གྲོང་ཚོ་5ཡི་དུད་ཚང་200ཡི་མང་ཚོགས་764ཡི་ཐོན་སྐྱེད་དང་འཚོ་བའི་ཐོན་ཁུངས་དཀོན་པ་དང་། འབབ་འཕར་ཕྱུག་འགྱུར་གྱི་ཆ་རྐྱེན་ཞན་པ། གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་སོགས་ཀྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་ཆེད་ཡིན་པ་རེད། མིག་སྔར། གྲོང་ཚོའི་འགྲོ་ལམ་དང་ཆུ་གློག་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཟིན་ཞིང་། སྔོན་དཔག་བྱས་ན་ད་ལོའི་ཟླ་11པའི་ཟླ་མཇུག་ཏུ་རྩིས་སྤྲོད་རྒྱུ་རེད།
ཁང་པ་བགོ་བའི་མཛད་སྒོའི་ཉིན་དེའི་ཕྱི་དྲོར། བྲག་དཀར་གྲོང་གསར་གྱི་གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་ཐང་ཆེན་དུ་འཛོམས་པ་དང་ངོ་གདོང་ནས་རེ་སྒུག་དང་སྤྲོ་
སྣང་གི་རྣམ་པ་ཞིག་འཕྱུར་བཞིན་འདུག གཙོ་སྐྱོང་པས་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་མ་ཐག་ཁང་པ་བགོ་འགོ་ཚུགས། ཟངས་རི་རྫོང་གི་འབྲེལ་ཡོད་འགན་འཁུར་བས་བྲག་དཀར་ལུང་ཤུར་གྱི་སྲིད་འཛིན་གྲོང་ཚོ་5ཡི་འཐུས་མིར་ཁང་པ་གསར་པའི“ལྡེ་མིག”སྤྲོད་སྐབས་དགའ་འབོད་དང་ཐལ་མོའི་རྡེབ་སྒྲ་དུས་གཅིག་ཏུ་གྲགས།
ཁང་པ་གསར་པར་སྤོ་མཁན་གྲོང་མི་བསོད་ནམས་ཕུན་ཚོགས་ཀྱིས“དེ་རིང་ང་ཚོ་སྡོད་ཁང་གསར་པར་ལྟ་བར་ཕྱིན་པ་ཡིན། དངོས་གནས་སྐྱིད་པོ་འདུག ཁང་པ་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཆུ་དང་གློག་འཁྲིད་པ་དང་ཉེ་འཁོར་གྱི་ཁོར་ཡུག་ཀྱང་ཧ་ཅང་གཙང་མ་འདུག་པས་མགྱོགས་པོ་སྤོ་རྒྱུ་བྱུང་ན་སྙམ་བྱུང”ཞེས་བཤད།
ཁང་པ་བགོ་བའི་མཛད་སྒོ་ཚར་རྗེས་ད་དུང་རིག་རྩལ་འཁྲབ་སྟོན་བྱས་ཏེ་གྲོང་མི་ཚོའི་བདེ་སྐྱིད་འཚོ་བ་གསར་པར་རྟེན་འབྲེལ་ཞུས་པ་དང་། མང་ཚོགས་ཚོའི་ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲ་ལས་འཚོ་བ་གསར་པར་བཅངས་པའི་རེ་སྒུག་མཚོན་པ་དང་། སྐབས་ཤིག་རིང་བྲག་དཀར་གྲོང་གསར་དུ་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པས་ཁེངས།
“གནས་སྤོས་ཀྱི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། གོམ་སྟབས་རྗེས་མར་ང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་གནས་སྤོས་མང་ཚོགས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན་ལ། གྲོང་མིར་ལས་ཞུགས་ལས་གནས་མཁོ་འདོན་བྱེད་པ་དང་རྒུན་འབྲུམ་དང་། སྡོང་ཕྲུག་ར་བ། འོད་ཤུགས་སོགས་ལེ་ལག་ཚང་བའི་ཐོན་ལས་འཆར་འགོད་ཧུར་ཐག་བྱས་ནས་གནས་སྤོས་མང་ཚོགས་སྤོ་ཐུབ་པ་དང་། སྡོད་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་ཀྱི་ཡིན”ཞེས་བསྟན་འཛིན་ཕུན་ཚོགས་ཀྱིས་བརྗོད།