བོད་ཀྱིས་འཛད་རྫས་གསར་རྙིང་བརྗེས་ནས་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་གསར་པ་བསྣན་པ།
མིག་སྔའི་བར། བོད་ཀྱིས་འཛད་རྫས་གསར་རྙིང་བརྗེ་བའི་མ་དངུལ་སྒོར་དུང་ཕྱུར་2.24གཤམ་སྤྲོད་བྱས་པ་ནས་སྒོར་དུང་ཕྱུར་1.13སྤྱད་ཟིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་སྤྱི་དམངས་ཀྱི་འཛད་སྤྱོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་10པའི་ཟླ་སྟོད་ནས་བཟུང་། བོད་ཀྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་རྫས་གསར་རྙིང་བརྗེ་བར་སྐུལ་འདེད་ཤུགས་ཆེན་གཏོང་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཚུན། ཚོང་དོན་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས་རྒྱབ་སྐྱོར་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ། ཁ་གསབ་སྤྲོད་སྟངས་ལེགས་སུ་གཏོང་བ་བཅས་བྱས་ཏེ། སྲིད་ཇུས་ཀྱི་ཁེ་སྤོགས་ལས་རྒྱ་ཆེའི་འཛད་སྤྱོད་པར་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་སྟབས་བདེ་བཅས་ཀྱི་ཕན་པ་ཐོབ་པའི་འགན་ལེན་བྱས་ནས། བོད་ཀྱི་འཛད་རྫས་གསར་རྙིང་བརྗེ་བའི་ལས་དོན་འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། བོད་ཀྱིས་འཛད་རྫས་གསར་རྙིང་བརྗེ་བའི་མ་དངུལ་སྒོར་དུང་ཕྱུར་2.24གཤམ་སྤྲོད་བྱས་པ་ནས་སྒོར་དུང་ཕྱུར་1.13སྤྱད་ཟིན་པ་དང་། འཛད་རྫས་གསར་རྙིང་ཁག་ཁྲི་7.06བརྗེས་པ། ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་12.03ཟིན་པ་བཅས་རེད།
བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་ནང་རླངས་འཁོར་གསར་རྙིང་ཁྲི་0.6བརྗེས་པར་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་8.92ཟིན་པ་དང་། ཁྱིམ་སྤྱོད་གློག་ཆས་གསར་རྙིང་ཁྲི་4.3བརྗེས་པར་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2.34ཟིན་པ། ཁྱིམ་ཆས་དང་། ཐབ་ཆས། གསང་སྤྱོད་ཡོ་བྱད་བཅས་གསར་རྙིང་ཁྲི་2.2བརྗེས་པར་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་0.78ཟིན་ཡོད། འཛད་རྫས་གསར་རྙིང་བརྗེ་བའི་སྲིད་ཇུས་གསར་པའི་སྐུལ་ཁྲིད་འོག དུས་ཚིགས་དང་པོ་ནས་གསུམ་པའི་བར་བཅད་གྲངས་ཡན་གྱི་རླངས་འཁོར་རིགས་དང་འཕྲིན་གཏོང་ཡོ་བྱད་རིཌ་དུས་མཚུངས་ལས་0.9%དང་29.8%སོ་སོར་འཕར་བ་དང་། ཁྱིམ་སྤྱོད་གློག་ཆས་དང་། སྒྲ་བརྙན་ཡོ་བྱད། ཁྱིམ་ཆས་རིཌ་བཅས་ཀྱི་རིན་གོང་ཆག་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.6དང་བརྒྱ་ཆའི་གྲངས་4.2སོ་སོར་ཆུང་དུ་ཕྱིན་ཡོད།