དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    ངར་ཤུགས་གཅིག་སྒྲིམ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་དང་། སྙིང་རུས་གཏན་འཁྱོངས། ལས་དོན་སྒྲུབ་མཁས་པོ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་པེའི་ལེའུ་ཧུར་ཐག་རྩོམ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    ཟླ་11ཚེས་4ནས་6ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་5ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་ཕན་ཅ་དབན་གྲོང་རྡལ་གྱི་ལེ་དབར་བཅུའི་སྔོ་ཚལ་བར་ཁྱམས་ལ་རྟོག་ཞིབ་གནང་སྐབས་ཚལ་འདེབས་ཞིང་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    ཟླ་11ཚེས་4ནས་6ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ཧན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ཁང་དུ་རྟོག་ཞིབ་གནང་སྐབས་ཚན་ཞིབ་མི་སྣ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་སྐབས། ཧུའུ་པེས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པའི་ཁྲོད་ཀྱི་འགན་འཁྲི་དང་ལས་འགན་ཁོང་དུ་བརྟན་པོར་ཆུད་པ་བཅས་ཀྱི་ཁར། རང་ངོས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་། ངར་ཤུགས་གཅིག་སྒྲིམ། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན། སྙིང་རུས་གཏན་འཁྱོངས། ལས་དོན་སྒྲུབ་མཁས་པོ་བཅས་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་དབུས་རྒྱུད་ས་ཁུལ་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་འཐབ་ཇུས་ཀྱི་བརྟེན་ས་གལ་ཆེན་འབུར་དུ་ཐོན་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་པེའི་ལེའུ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    ཟླ་11ཚེས་4ནས་6ཉིན་བར། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་མོང་ཧུའེ་དང་ཧྲེང་ཀྲང་ཝང་ཀྲུང་ལིན་གྱི་ཕེབས་རོགས་འོག སྔ་རྗེས་སུ་ཤའོ་ཀན་དང་། ཞན་ཉིང་། ཝུའུ་ཧན་བཅས་སུ་ཕེབས་ཏེ་རྟེན་མཛོད་ཁང་དང་། གྲོང་གསེབ། ཚན་རྩལ་དང་ཐོན་ལས་གསར་གཏོད་ལས་སྟེགས་བཅས་སུ་རྟོག་ཞིབ་གནང་བ་རེད།

    ཚེས་4ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཤའོ་ཀན་གྲོང་ཁྱེར་ཡུན་མོང་རྫོང་རྟེན་མཛོད་ཁང་དུ་ཕེབས་ནས་ཆིན་ཧན་གྱི་སྨྱུག་ལེབ་དཔེ་ཆ་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་བྱས་པའི་ཆིན་རྒྱལ་རབས་ཀྱི་བཅའ་ཁྲིམས་རིགས་བཅོ་བརྒྱད་ལས་ལོ་ངོ་2200ལྷག་ཙམ་གོང་རང་རྒྱལ་གྱི་གནའ་རབས་བཅའ་ཁྲིམས་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་པ་མཚོན་ཡོད། ཞི་ཅིན་ཕིང་གིས་སྨྱུག་ལེབ་དཔེ་ཆའི་ནང་དོན་དང་། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་། སྲུང་སྐྱོང་དང་ཞིབ་འཇུག་བྱས་ཚུལ་བཅས་ཀྱི་ངོ་སྤྲོད་ཞིབ་ཕྲ་གསན་ཞིང་། ཁོང་གིས་གནའ་རྫས་རྟོག་ཞིབ་དང་ཞིབ་འཇུག་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་རིག་དངོས་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བར་འདེགས་སྐྱོར་བརྟན་པོ་བྱས་ནས། ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་ནམ་ཡང་ཉར་ཚགས་ཐུབ་པ་དང་མི་རབས་རྗེས་མར་ཕན་འདོགས་པ་བྱས་ཏེ་མི་རྣམས་ཀྱི་མི་རིགས་ཀྱི་སྤོབས་སེམས་དང་རང་ཡིད་རང་ཆེས་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སྐུལ་ལྕག་བྱེད་དགོས་ཞེས་གསུངས་པ་རེད།

    ཚེས་5ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་དུ་ཕེབས་ནས་དང་ཐོག་ཕན་ཅ་དབན་གྲོང་རྡལ་གྱི་ལེ་དབར་བཅུའི་སྔོ་ཚལ་བར་ཁྱམས་ལ་རྟོག་ཞིབ་གནང་བ་རེད། སྟོན་དུས་སུ་དེ་གར་སྔོ་ཐིང་ཐིང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    ཞི་ཅིན་ཕིང་ཞིང་ནང་དུ་ཕེབས་ནས་སྔོ་ཚལ་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་སྔོ་ཚལ་གྱི་སྣ་ཁ་དང་། འདེབས་འཛུགས་ལག་རྩལ། ཕྱིར་ཚོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས། གྲོང་གསེབ་ཏུ་ས་རྒྱ་ཆེ་བས་ཞིང་ལས་བྱས་ན་བྱེད་གཞི་ཆེན་པོ་ཡོད། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར། ངེས་པར་དུ་ཚན་རྩལ་ཡར་ཐོན་ལ་བརྟེན་ནས་ཚན་རྩལ་གྱིས་ཞིང་ལས་དེང་རབས་ཅན་ལ་འཕུར་མཆོང་གི་གཤོག་ཟུང་བསྒར་དགོས་ཞེས་གསུངས་ཤིང་། ཁོང་གིས། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོར་ཚན་རྩལ་གྱི་ལམ་བུ་དང་། སྤུས་ཚད་ཀྱི་ལམ་བུ། སྤུས་རྟགས་ཀྱི་ལམ་བུ་བཅས་སུ་བསྐྱོད་དེ་དམངས་ཕྱུག་ཐོན་ལས་ཡིན་པའི་སྔོ་ཚལ་འདེབས་འཛུགས་སྔར་བས་ཡག་པོ་བྱས་ནས་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    དེ་རྗེས། ཞི་ཅིན་ཕིང་སྔ་རྗེས་སུ་ཕན་ཅ་དབན་གྲོང་རྡལ་སི་དབྱི་གྲོང་ཚོའི་རྒན་གསོའི་ཞབས་ཞུ་ས་ཚིགས་དང་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས། རྒན་གསོའི་སྒྲིག་བཀོད་དང་དམངས་བདེ་དམངས་ཕན་གྱི་ཞབས་ཞུའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། གྲོང་ཚོ་རིམ་པའི་རྩ་འཛུགས་འཁོར་སྐྱོད་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་ལས་དོན་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང“རྒན་རྒོན་དང་བྱིས་པའི”གཙོ་གནད་འདིར་དམ་འཛིན་བྱས་ཏེ་དེ་བས་གནད་ལ་འཁེལ་ལ་ནུས་ལྡན་གྱི་སྒོ་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ཡང་དུ་བཏང་ནས་གཞི་རིམ་གྱི་ལས་བྱེད་པས་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་སྤྱད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།

    གྲོང་མི་ཞུང་ཁྲེང་ལུང་གི་ཁྱིམ་དུ་ཞི་ཅིན་ཕིང་གིས་ཁྱིམ་ཚང་གི་འཚོ་བའི་འཁོས་ཀ་ཞིབ་ཕྲ་གཟིགས་པ་མ་ཟད། ནང་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་སྟེ་ཐོན་སྐྱེད་དང་། ཕྲུ་གུའི་ལས་ཞུགས་ལས་གཏོད། ཁྱིམ་ཚང་གི་ཡོང་འབབ། རྒན་གསོ་སྨན་བཅོས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལོ་འདི་དག་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་། ཞིང་པའི་དངོས་པོ་དང་རིག་གནས་འཚོ་བར་འགན་སྲུང་ཐུབ་ཚད་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་གསན་སྐབས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས། ནང་མི་ཚང་མས་མུ་མཐུད་འབད་བརྩོན་བྱས་ཏེ་ཐོན་སྐྱེད་དང་འཚོ་བ་དེ་བས་ལེགས་པ་ཡོང་བར་བྱེད་པ་དང་ཕྲུ་གུ་གསོ་སྐྱོང་ཡག་པོ་བྱས་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་རྒྱུའི་ཐུགས་རེ་གནང་བ་རེད།

    གྲོང་ཚོ་ནས་ཞལ་གྱེས་སྐབས་གྲོང་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཚང་མར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཤིང་། དང་ཐོག་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཡུལ་མི་སྤུན་ཟླ་ཚོས་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས། ཁྱད་ལྡན་ཐོན་ལས་ལ་དེ་བས་ཕན་འབྲས་ཐོན་པ་དང་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ་ཐུན་མོང་ཐོག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཚེས་5ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཝུའུ་ཧན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ཁང་དུ་རྟོག་ཞིབ་གནང་བར་ཕེབས་ནས། ཚན་རྩལ་གསར་གཏོད་མཁོ་སྤྲོད་འཁོར་འབྲེལ་ལས་སྟེགས་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་འགྲེམས་སྟོན་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་གཟིགས་པ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་མཁྱེན་རྟོགས་གནང་བ་མ་ཟད། ཚན་ཞིབ་མི་སྣ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་ཞིང་། ཁོང་གིས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དེས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱ་རྒྱུའི་དགོས་མཁོ་དེ་བས་ཆེ་རུ་ཕྱིན་ཡོད། རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་ཁེ་ལས་མཁས་ཅན་ཚོས་རང་གིས་རང་ལ་ཡིད་ཆེས་ཆེ་རུ་གཏོང་བ་དང་། མིག་རྒྱང་རིང་དུ་གཏོང་བ། མཉམ་དུ་ནུས་ཤུགས་འདོན་པ་བཅས་བྱས་ཏེ། གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པའི་ཁྲོད་བྱས་རྗེས་རྒྱུན་ཆད་མེད་པར་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་6ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། ཧུའུ་པེའི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་ཁ་གསལ་ཡང་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཧུའུ་པེར་ཚན་སློབ་ཤེས་ལྡན་པའི་ལེགས་ཆ་མངོན་གསལ་དོད་པ་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་ཙམ་ལྡན་པས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བར་གསར་འབྱེད་ཡར་བརྩོན་བྱེད་དགོས་ཤིང་། རྒྱལ་ཡོངས་ཀྱི་གསར་གཏོད་འབྲེལ་ཐག་ནང་རང་འགུལ་ངང་ཞུགས་ནས། རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་ཧུར་ཐག་བཏོད་དེ་ཚན་རྩལ་གསར་གཏོད་ཀྱི་འགོ་བརྩམ་སའི་ནུས་པ་དེ་བས་ལེགས་པའི་ངང་འདོན་དགོས། གཙོ་གནད་ཐོན་ལས་ལ་དམིགས་ནས། གསར་གཏོད་ཀྱི་འབྲེལ་ཐག་དང་། ཐོན་ལས་ཀྱི་འབྲེལ་ཐག མ་དངུལ་གྱི་འབྲེལ་ཐག ཤེས་ལྡན་པའི་འབྲེལ་ཐག་བཅས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་ཞིབ་སྤེལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་མཐུན་སྦྱོར་གསར་གཏོད་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་དཔུང་གཤིབ་མཉམ་སྐྱོད་བཅས་མཐའ་འཁྱོངས་བྱས་ནས། ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་སྐད་གྲགས་ཆེ་བའི་སྤུས་རྟགས་དེ་བས་མང་བ་གཏོད་དགོས། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་རྣམ་གནོན་རང་བཞིན་གྱི་གནས་བབ་ཐོག་བཞག་ནས། བདེ་འཇགས་དང་མཉེན་གཤིས་ཀྱི་དེང་རབས་ཆུ་དྲ་ནུས་ཤུགས་ཡོད་རྒུས་སྐྲུན་པ་དང་། འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལོ་བཅུའི་རིང་འབྲི་ཆུར་ཉ་རྒྱ་སྡོམ་པར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧུའུ་པེས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བར་འཚོལ་ཞིབ་བྱེད་ཕོད་པ་བྱེད་དགོས་ཤིང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པ་དང་། དེ་བས་དྲང་གཞག་དང་དེ་བས་གསོན་ཤུགས་ལྡན་པའི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ནས། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཕན་ཚུན་སྐུལ་སྤེལ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱི་ནང་གཉིས་ཀར་སྒོ་དབྱེ་རྒྱུ་གལ་ཆེ་མཉམ་འཛིན་དང་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་མཐོ་ས་གཏོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ས་ཁོངས་མཉམ་ལས་ཟབ་ཏུ་བཏང་སྟེ་ཐོན་ལས་ཀྱི་བཀོད་པ་གོ་རིམ་ལྡན་པའི་ངང་ལེགས་སུ་གཏོང་དགོས། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས་སྒོ་དབྱེའི་ལྟེ་བའི་ནུས་པ་གོ་རིམ་ལྡན་པའི་ངང་མཐོ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཧུའུ་པེས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཐད་སྙིང་སྟོབས་ཆེར་སྐྱེད་བྱེད་དགོས་ཤིང་། ཝུའུ་ཧན་གྱི་གྲོང་ཚོམས་ལྟེ་བར་བྱས་ནས་འབྲི་ཆུའི་དབུས་རྒྱུད་ཀྱི་གྲོང་ཚོམས་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རང་རང་གི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ཡོང་བར་དམ་འཛིན་ཏན་ཏིག་བྱེད་དགོས། ཁྱད་ལྡན་ཐོན་ལས་དང་སྣ་མང་གཉེར་སྐྱོང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་དམངས་འཚོ་འགན་ལེན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་བྱས་ནས་གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧུའུ་པེར་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རིག་གནས་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རིག་གནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་དགོས། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་ནུས་འཕར་བེད་སྤྱོད་བྱེད་པར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་འབྲི་ཆུའི་ཤེས་དཔལ་ཕུགས་འདེད་ཞིབ་འཇུག་དང་ཁྱབ་སྤེལ་འགྲེམས་སྟོན་ལ་ཤུགས་སྣོན་རྒྱག་དགོས། ཏ་པེ་ཧྲན་གྱི་སྙིང་སྟོབས་དང་། འབྲུབ་འགོག་གི་སྙིང་སྟོབས། རིམས་འགོག་གི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་ལེན་བསྟར་དགོས། རིག་གནས་དམངས་ཕན་འདུ་འགོད་ལག་ལེན་བསྟར་བ་དང་རིག་གནས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་ཧུར་ཐག་བཏང་སྟེ། རིག་གནས་ཐོན་རྫས་དང་ཞབས་ཞུ་སྤུས་ལེགས་དེ་བས་མང་བ་མང་ཚོགས་ཀྱི་གམ་དུ་སྐྱེལ་དགོས། རིག་གནས་ཡུལ་སྐོར་སྤུས་རྟགས་དང་ལམ་ཐིག་རྩེ་གྲ་བཏོད་དེ་རིག་གནས་ཡུལ་སྐོར་ལས་རིགས་དེ་རྐང་འཛིན་ཐོན་ལས་སུ་སྐྱེད་སྲིང་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་གཟུངས་མདངས་ཉམས་གསུམ་འཕེལ་བར་བྱེད་པར། གསར་འབྱེད་གསར་གཏོད་བྱེད་ཕོད་ལ་རྒྱུན་སྲིང་ལྷོད་མེད་ཀྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་ལ། འབད་འཐབ་དང་གདོང་མཆོང་བྱེད་ཕོད་ལ་མཐུན་སྒྲིལ་རོགས་ལས་མཁས་པོ་ཡང་བྱེད་དགོས་པས། ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་ཧུར་ཐག་གཏོད་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་གཏོད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བ་དང་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོའི་ཟླ་བ་མཇུག་ཤོས་གཉིས་ཀྱི་ནང་། ལས་དོན་ཁག་དང་ལྷག་པར་དུ་དཔལ་འབྱོར་ལས་དོན་ལ་དམ་འཛིན་སྔར་བས་ཏན་ཏིག་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་གང་ཐུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།