བཙོག་ཆུ་གཙང་པོར་འབུད་སའི་ལྟ་སྐུལ་དོ་དམ་བྱ་ཐབས་ཡོངས་བསྒྲགས་བྱས་པ།
ཉེ་ཆར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་པུས《བཙོག་ཆུ་གཙང་པོར་འབུད་སའི་ལྟ་སྐུལ་དོ་དམ་བྱ་ཐབས》ཡོངས་བསྒྲགས་བྱས་ནས་བཙོག་ཆུ་གཙང་པོར་འབུད་ས་བཟོ་བའི་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་དང་། དབང་ཚད། ལྟ་ཞིབ་ལྟ་འདོམས་སོགས་ཀྱི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཏེ་བཙོག་ཆུ་གཙང་པོར་འབུད་ས་བཟོ་བ་དང་དོ་དམ་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་འགན་འཁྲི་ཁ་གསལ་དང་། བཀོད་སྒྲིག་ལུགས་མཐུན། དོ་དམ་ཚད་ལྡན་བཅས་ཀྱི་ཕུགས་ཕན་ལྟ་འདོམས་ལམ་སྲོལ་བཙུགས་ཡོད་པ་རེད།
བྱ་ཐབས་ནང་གཏན་འབེབས་བྱས་དོན། བཟོ་གཏེར་ཁེ་ལས་ཀྱི་བཙོག་ཆུ་གཙང་པོར་འབུད་ས་དང་། བཟོ་ལས་དང་དེ་བཞིན་གླིང་ཁུལ་གཞན་དག་ཁག་གི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་བཙོག་ཆུ་གཙང་པོར་འབུད་ས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་བཙོག་ཆུ་གཙང་པོར་འབུད་ས་བཅས་བཟོ་རྒྱུར་ཞིབ་བཤེར་ཆོག་མཆན་འགོད་པའི་དོ་དམ་བྱེད་དགོས་པ་དང་། ཆོག་མཆན་མ་ཐོབ་པའི་རིགས་ལ་གོང་གསལ་གྱི་བཙོག་ཆུ་གཙང་པོར་འབུད་ས་བརྒྱུད་བཙོག་ཆུ་འབུད་མི་ཆོག བཙོག་ཆུ་གཙང་པོར་འབུད་ས་གཞན་དག་མ་བཟོས་གོང་བཙོག་ཆུ་གཙང་པོར་འབུད་སའི་ཐོ་འགོད་རེའུ་མིག་འབུལ་དགོས།
བྱ་ཐབས་ནང་བཏོན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་བཙོག་ཆུ་གཙང་པོར་འབུད་སའི་ཆ་འཕྲིན་ཅན་གྱི་དོ་དམ་ལས་དོན་གྱི་འགན་ཁུར་ནས་བཙོག་ཆུ་གཙང་པོར་འབུད་སའི་དོ་དམ་ཟུར་བཙུགས་རྩིས་ཁྲ་བཟོ་རྒྱུ་སྒྲིག་འཛུགས་བྱེད་པ་དང་འབྲེལ་སྐབས་བསྟུན་གསར་བརྗེས་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གཙོ་གཉེར་སྡེ་ཚན་དང་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་སྒྲིག་གཞིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་གཞིར་བཟུང་བཙོག་ཆུ་གཙང་པོར་འབུད་སར་ལྟ་སྐུལ་དང་ལྟ་ཞིབ་ཚད་ལེན་དང་ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བཙོག་ཆུ་གཙང་པོར་འབུད་སར་་གྲལ་བཤེར་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། བཙོག་ཆུ་གཙང་པོར་འབུད་སའི་འགན་འཁྲིའི་བྱེད་པོས་བཙོག་འབུད་བགྲོད་ལམ་དང་། ཆུ་སྒོ དེ་བཞིན་ཞོར་གཏོགས་སྒྲིག་བཀོད་སོགས་ལ་དུས་བཀག་ལྟར་སྐོར་ཞིབ་སྲུང་སྐྱོང་བྱས་ནས་ཚད་ལྡན་འཛུགས་སྐྲུན་བྱས་ཏེ་གཏན་འབེབས་ལྟར་ལྟ་ཞིབ་ཚད་ལེན་གྱི་མ་དཔེ་འཚོལ་ས་དང་། ཞིབ་བཤེར་ཁྲོན་པ། མཚོན་རྟགས་བྱང་བུ་སོགས་བཟོ་དགོས་པ་དང་སྦྲགས། མཚོན་རྟགས་བྱང་བུ་དང་། བརྙན་ཤེལ། རྩ་གཉིས་ཨང་རྟགས་མཚོན་རྟགས་སམ་ཡང་ན་དྲ་རྒྱའི་སྨྱན་སྦྱོར་སོགས་བརྒྱུད་རང་འགུལ་ངང་སྤྱི་ཚོགས་ལ་བཙོག་ཆུ་གཙང་པོར་འབུད་སའི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་དང་། སྤྱི་དམངས་ལ་བཙོག་ཆུ་གཙང་པོར་འབུད་སའི་གནས་ཚུལ་སོགས་ལ་ལྟ་སྐུལ་བྱ་རྒྱུར་བསྔགས་སྐུལ་བྱེད་དགོས།