དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་ལས་གཉིས་ཁེ་ཡོང་བར་ལག་གདང་སྦྲེལ། ཀྲུང་གོའི་གོ་སྐབས་མཉམ་དུ་ལོངས་སུ་སྤྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོན་ཞང་དང་། མེང་ཞང་ལིན། ཀུང་མིང་།   |     སྤེལ་དུས།  2024-11-07

    ཟླ་11ཚེས་5ནས་10ཉིན་བར། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པ་ཧྲང་ཧའེ་རུ་འཚོགས་པ་དང་། དེ་ནི་གོ་ལ་ཧྲིལ་པོར་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་མང་སྟོན་ཚོགས་ཐོག་མ་ཡིན་ཞིང་། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི“གྲོགས་ཚོགས”སྔར་བས་ཆེ་རུ་སོང་སྟེ། རྒྱལ་སྤྱིའི་ཉོ་སྒྲུབ་དང་། མ་འཇོག་ལ་སྐུལ་འདེད། མི་ཆོས་རིག་གནས་སྤེལ་རེས། སྒོ་འབྱེད་མཉམ་ལས་བཅས་ཀྱི་ལས་སྟེགས་ཆེན་པོ་བཞིའི་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་སོང་ཡོད། འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས་ནང་འདྲེན་དངོས་མང་སྟོན་ཚོགས་རིམ་སྤོར་དང་རྒྱ་ཆེར་ཟམ་མི་ཆད་པར་སོང་བ་དེས་ཀྲུང་གོས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་པའི་སྐར་ཁུང་དང་། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ལས་སྟེགས། གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱས་པའི་རྒྱལ་སྤྱིའི་སྤྱི་སྤྱོད་ཐོན་རྫས་བཅས་སུ་གྱུར་ཏེ་གཉིས་ཁེའི་མཉམ་ལས་ཟབ་ཏུ་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བར་གོ་སྐབས་རྩ་ཆེན་བཏོད་ནས་མཉམ་སྐུལ་དང་། ཀུན་ཕན། བསྟུན་མཁས་བཅས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྒུལ་ཤུགས་ཆེན་པོ་བསྣན་པའི་ངོས་འཛིན་གཅིག་མཇུག་གཉིས་མཐུད་ངང་བྱས་ཡོད།

    “ཀྲུང་གོ་དང་འཛམ་གླིང་གིས་ཀྲུང་གོའི་ཁྲོམ་ར་ཆེན་པོའི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཡིད་ཆེས་བརྟན་དུ་སོང་བ་མངོན་ཡོད”

    ད་རེས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོགས་སུ་ཁེ་ལས་ཀྱི་འགྲེམས་ཁུལ་ལ་སྔར་བཞིན་སྨི་ངོས་གྲུ་ཁྲི་36ལྷག་ཙམ་ཟིན་པ་དང་རྒྱལ་ཁབ་དང་ས་ཁུལ་129ཡི་ཁེ་ལས་3496འགྲེམས་ཚོང་ལ་ཞུགས་ཡོད་ཅིང་། རྒྱལ་ཁབ(ས་ཁུལ)དང་ཁེ་ལས་ཀྱི་གྲངས་འབོར་གཉིས་ཀ་སྐབས་གོང་མ་ལས་མང་བ་ཡོད། འགྲེམས་ཚོང་ལ་ཞུགས་མཁན་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་297ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད་ལ། ཁེ་ལས་དང་སྒྲིག་གཞི་186སྐབས་བདུན་རིང་ཞུགས་མཚམས་ཆད་མྱོང་མེད་པ་རེད།

    “ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཀྲུང་གོའི་ཁྲོམ་ར་སྔར་བས་སྒོ་མོ་འབྱེད་རྒྱུར་སྐུལ་མ་ཐེབས་པ་མ་ཟད། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་བ་བཏོད་ཡོད”ཅེས་ཧྥ་རན་སེའི་སའེ་ནོ་ཧྥེ་ཚོགས་པའི་དབུ་བཞུགས་ལག་བསྟན་དཔོན་ཧན་པའོ་ལོས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ད་ལོར་སའེ་ནོ་ཧྥེ་ཚོགས་པས་ཧྥ་རན་སེའི་རྒྱལ་ཁབ་འགྲེམས་ཁང་དུ་སྨན་བཅོས་ཡོ་ཆས་དང་སྨན་རྫས་བདེ་སྲུང་འགྲེམས་ཁུལ་དུ་དུས་གཅིག་ཏུ་འགྲེམས་སྟོན་བྱེད་རྒྱུ་རེད། “ཀུང་སི་ཀྲུང་གོར་གཞི་ཚུགས་ནས་ལོ་40ལྷག་ཙམ་སོང་ཞིང་། ཀྲུང་གོ་ནི་ང་ཚོའི་གལ་འགངས་ཆེ་ཤོས་ཀྱི་ཁྲོམ་རའི་གྲས་ཤིག་ཡིན། ང་ཚོས་ཀྲུང་གོའི་ཁྲོམ་རའི་གསར་གཏོད་ཀྱི་གཞི་ཁྱོན་དང་མྱུར་ཚད་ལ་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད་ལ། ཀྲུང་གོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཡོང་བར་མུ་མཐུད་རམ་འདེགས་བྱས་ནས་དམངས་ཚོགས་སྔར་ལས་མང་བར་ཕན་གདགས་རྒྱུའི་རེ་བའང་བྱེད་ཀྱི་ཡོད”ཅེས་བརྗོད།

    རི་པིན་ཧྭ་ཝང་ཚོགས་པས་སྐབས་བདུན་བསྟུད་མར་འགྲེམས་ཚོང་ལ་ཞུགས་པ་དང་། ནང་འདྲེན་དངོས་མང་སྟོན་ཚོགས་ལ་འདོན་མྱོང་མེད་པའི་ཚོང་ཟོག་མང་པོ་ཀྲུང་གོའི་ཁྲོམ་རར་བཏོན་ཡོད། “ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཧྭ་ཝང་ཚོགས་པས་ཀྲུང་གོའི་ཁྲོམ་རར་འབྲེལ་གཏུག་བྱེད་པའི་སྦྲེལ་ཐག་གལ་ཆེན་ཞིག་ཡིན”ཞེས་ཧྭ་ཝང(ཀྲུང་གོ)མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲུའུ་ཨན་ཅང་གིས་བརྗོད།

    “ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱི་ཡིད་དབང་འཕྲོག་ཤུགས་ཇེ་ཆེར་སོང་བ་ལས་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེན་པོ་དང་། ཀྲུང་གོས་ཆུ་ཚད་མཐོན་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བའི་ཆོད་སེམས་ཟབ་མོ་ང་ཚོས་ཚོར་བྱུང”ཞེས་ཙི་ཧྲིན་ཐང་ཀྲུང་གོའི་ཁུལ་གྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་མེ་ཅིན་ལི་ཞིན་གྱིས་བརྗོད་པ་དང་། ཁོང་གིས་ཙི་ཧྲིན་ཐང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྲོམ་རར་མུ་མཐུད་མ་དངུལ་བཏང་ནས་ད་རེས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཐོན་རྫས་དཔེ་གསར་སྔར་ལས་མང་བ་འདོན་རྒྱུ་ཡིན་ཞེས་བརྗོད།

    “ཕྱོགས་ཁག་གི་གསར་གཏོད་གསར་སྐྲུན་ལ་སྐུལ་འདེད་གཏོང་བར་ལས་སྟེགས་གལ་ཆེན་བསྐྲུན་ཡོད”

    ད་ལོའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཁེ་ལས་འགྲེམས་ཚོགས་ཀྱི་གསར་གཏོད་སྐྱེད་སྲིང་ཆེད་ཁུལ་གྱི་གཞི་ཁྱོན་ཆེ་རུ་དང་སྤུས་ཚད་མཐོ་རུ་ཕྱིན་ཏེ། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་ཐཱན་ཉུང་། ཚེ་སྲོག་ཚན་རིག བཟོ་སྐྲུན་ལག་རྩལ་བཅས་ཕྱོགས་ཆེན་པོ་བཞིར་ཐོག་མར་དམིགས་ནས་འགྲེམས་འགོད་བྱས་པ་དང་སྦྲགས། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་ཐུབ་པའི་འགྲེམས་རྫས་ཁག་གཅིག་ཐོག་མར་འགྲེམས་སྟོན་བྱས་པ་དག་རྩེར་སོན་སྒྲིག་ཆས་དང་། རྒྱུ་ཆ་གསར་པ། རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས། སྐྱེ་དངོས་ལག་རྩལ། སྔོན་ཐོན་ཞིང་ལས་ལག་རྩལ་སོགས་ཚན་རྩལ་གསར་ཤོས་ཀྱི་ཁྱབ་ཁོངས་མང་པོར་ཁྱབ་ཡོད།

    “ད་ལོ་ནི་ཚའེ་སི་ཀུང་སི་དངོས་མང་སྟོན་ཚོགས་ཀྱི་ཁྱིམ་ཚང་ཆེན་པོར་ཞུགས་པའི་ལོ་བདུན་པ་ཡིན་ལ། ཀྲུང་གོའི་ཁྲོམ་རར་འབད་འཐབ་བྱེད་པའི་ལོ་རེ་བདུན་པའང་ཡིན། ནང་འདྲེན་དངོས་མང་སྟོན་ཚོགས་ཚའེ་སི་ཀུང་སིར་མཚོན་ན་འབྱུང་འགྱུར་གཉིས་ཁེ་ཡོང་བའི་ཁ་ཆད་གལ་ཆེན་ཞིག་རེད”ཅེས་ཚའེ་སི་ཀུང་སིའི་ཀྲུང་ཧྭ་ཆེན་པོ་ཁུལ་གྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཧྥུའུ་སི་ཐེས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཚའེ་སི་ཀུང་སིས་ད་རེས་སྨན་བཅོས་ལག་རྩལ་དང་། འོད་རིག་པའི་འཛད་རྫས། བཟོ་ལས་སྤུས་ཚད་དང་ཞིབ་འཇུག་སོགས་གསར་གཏོད་ཐད་ཀྱི་ཐག་གཅོད་ཇུས་གཞི་མང་པོ་ཁྱེར་ཡོད། “ཀྲུང་གོའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་དང་། མཁོ་སྤྲོད་འཁོར་འབྲེལ་བསྡུ་སྒྲིལ་བྱེད་ཚད། ཞིབ་སྤེལ་གསར་གཏོད་ཀྱི་འཇོན་ཐང་བཅས་ནས་ཡིད་དབང་འགུགས་ཤུགས་ཟམ་མི་ཆད་པར་མངོན་བཞིན་འདུག”ཅེས་བརྗོད།

    “འདས་ཟིན་པའི་ལོ་དྲུག་གི་རིང་། རིམ་རྩིས་བརྒྱབ་ན། ང་ཚོས་ནང་འདྲེན་དངོས་མང་སྟོན་ཚོགས་བརྒྱུད་གསར་གཏོད་ཐོན་རྫས་དང་ལག་རྩལ་གསར་ཤོས་260ལྷག་ཙམ་བསྟན་ནས་ཐོན་རྫས་དཔེ་གསར་དང་ཐག་གཅོད་ཇུས་གཞི་མང་པོ་ཐོག་མར་བཏོན་ཡོད”ཅེས་ABB(ཀྲུང་གོ)ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀུའུ་ཁྲུན་ཡོན་གྱིས་བརྗོད་པ་དང་། ཁོང་གིས། ཀྲུང་གོས་ཐོན་ལས་རིམ་སྤོར་དང་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་དང་གཏོང་བཞིན་པ་དེས་ཀུང་སིར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྦྱིན་པ་མ་ཟད། གློག་ཤུགས་དང་། རང་འགུལ་ཅན། གྲངས་འཛིན་ཅན། མི་ཐབས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་གང་ལེགས་སྤྱད་ནས་གསར་དར་ཁྱབ་ཁོངས་སུ་གསར་གཏོད་ལ་སྐུལ་འདེད་དང་མཉམ་ལས་རྒྱ་བསྐྱེད་དེ་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་ཡོད་ཅེས་བརྗོད།

    “ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུང་གོས་ཆུ་ཚད་མཐོན་པོས་ཕྱི་ཕྱོགས་སྒོ་འབྱེད་མཐའ་འཁྱོངས་བྱེད་པའི་སྐར་ཁུང་ཞིག་རེད་ལ། གོ་ཧྲིལ་པོའི་གསར་གཏོད་ཀྱི་གསོན་ཤུགས་གཅིག་ཏུ་བསྡུ་བའི་གར་སྟེགས་ཆེན་པོ་ཞིག་ཀྱང་རེད། ང་ཚོས་ཀྲུང་གོར་མ་རྩ་འཇོག་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཀྲུང་གོའི་ཁྲོམ་རར་གཞི་བརྟན་པོ་ཚུགས་པར་བྱས་ཏེ་སྣེ་ནས་སྣེ་མོའི་བར་གྱི་འཐུས་སྒོ་ཚང་བའི་སྨན་རྫས་རིན་ཐང་གི་ཐོན་ལས་འཁོར་འབྲེལ་ཕྱོགས་ཡོངས་ནས་སྟོབས་ཆེར་བཏང་སྟེ་ས་གནས་ཅན་གྱི་ཐོན་སྐྱེད་བཀོད་པ་དང་མ་འཇོག་རིམ་སྤོར་བྱས་ཏེ་སྨན་རྫས་གསར་གཏོད་ཀྱིས་མི་དེ་བས་མང་བར་ཕན་གདགས་རྒྱུ་ཡིན”ཞེས་ལུའོ་ཚང་སྨན་བཟོའི་ཀྲུང་གོའི་ཁུལ་གྱི་ཙུང་ཚའེ་པེན་ཞིན་གྱིས་བརྗོད།

    “ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་ཁྲོམ་རར་མཉམ་འདྲེས་ཐུབ་པའི་གོ་སྐབས་དེ་བས་མང་བ་སྦྱིན་ཡོད”

    ད་རེས་ཀྱི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་37འགྲེམས་ཚོང་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས་རིན་མི་དགོས་པར་འགྲེམས་སྟེགས་120ལྷག་ཙམ་སྤྲད་དེ་ཨ་ཧྥེ་རི་ཁའི་ཐོན་རྫས་ཆེད་ཚོང་ཁུལ་རྒྱ་ཆེ་རུ་བཏང་བ་དང་སྦྲགས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཀྲུང་ཧྥེའི་མཉམ་ལས་ཡན་ལག་གླེང་སྟེགས་གཉེར་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་སྐབས་གསར་པ་སྦྱིན་ཡོད།

    “ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་ལས་སྟེགས་བསྐྲུན་ཏེ་དེའི་ཐོན་རྫས་འགྲེམས་སྟོན་དང་། མ་འཇོག་འགུག་པ། གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་ནང་མཉམ་འདྲེས་ཡོང་བ་བཅས་བྱེད་རོགས་བྱས་པ་ལས། རྒྱལ་ཁབ་དེའི་རྒྱལ་སྤྱིའི་མཚན་སྙན་ཆེ་རུ་འགྲོ་བར་ཕན་ཐོགས་བྱུང་བ་མ་ཟད། ཚོང་དོན་འགྲོ་འོང་ཡང་ཟབ་ཏུ་ཕྱིན་ཡོད”ཅེས་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་མོ་ལེས་བརྗོད་པ་དང་། ཁོང་གིས། ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གཉེར་ཚུན་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱས་པ་ལས་ལྷོ་ལྷོ་མཉམ་ལས་དང་ཚོང་དོན་སྟབས་བདེ་ཅན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་རོགས་ཟླའི་འབྲེལ་བ་དམ་ཟབ་མཚོན་ཡོད་ཅེས་བརྗོད།

    “ད་ལོའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་གཙོ་མགྲོན་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་ཐན་ཙན་ནི་ཡས་ཐོན་རྫས་དཔེ་གསར་མང་པོ་ཁྱེར་ཡོད། དེའི་ནང་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་ཡོད་པས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་མངོན་པ་དང་ཆབས་ཅིག ང་ཚོའི་རིག་གནས་ཤུལ་བཞག་གི་ཁྱད་ཆོས་མངོན་རྒྱུའི་རེ་བ་ཡོད”ཅེས་ཐན་ཙན་ནི་ཡའི་རྒྱལ་ཁབ་འགྲེམས་སྟོན་གྱི་འགན་འཁུར་བ་ཚོང་དོན་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ལཱ་ཏི་ཧྥ·ཧ་སྨི་སིས་བརྗོད་པ་དང་། ཁོང་གིས“ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་ཁྲོམ་རར་མཉམ་འདྲེས་བྱེད་པའི་གོ་སྐབས་དེ་བས་མང་བ་བསྐྲུན་པ་དང་། གོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད་བྱ་རྒྱུ་བྱུང་བས། ལས་སྟེགས་དེ་ང་ཚོས་རྒྱུན་མཐུད་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་ལ་སྐུལ་འདེད་གཏོང་བར་གལ་འགངས་ཆེན་པོ་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད།

    “ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀུན་ཕན་དང་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་གྱི་བྱ་ཐབས་གལ་ཆེན་ཞིག་ཡིན”ཞེས་ཨོ་སི་ཁྲུ་རི་ཡའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཧ་ནེ་སི·ཧྥེར་ནེས་བརྗོད་པ་དང་། ཁོང་གིས། ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་བ་བརྒྱུད། ཀྲུང་གོས་རྒྱལ་ཁབ་ཁག་ལ་ཁྲོམ་ར་དེ་བས་ཆེ་བ་བཏོད་པ་དང་འབྲེལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་དང་རྒྱག་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།