“ཀྲུང་གོའི་འཛད་སྤྱོད་པར་ཐོན་རྫས་གསར་པ་དང་ཞབས་ཞུ་གསར་པ་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་ཡིན”
“ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཐོན་རྫས་གསར་པ་ཡོངས་བསྒྲགས་བྱེད་པའི་ལས་སྟེགས་ཡག་ཤོས་ཤིག་རེད། དབྱི་ཅཱ་ནང་འདྲེན་དངོས་མང་སྟོན་ཚོགས་སུ་བསྟུད་མར་ལོ་བདུན་ཞུགས་པ་དང་ལོ་ལྟར་ཐོན་རྫས་གསར་པ་བཏོན་གྱི་ཡོད། ང་ཚོས་ལས་སྟེགས་དེ་བརྒྱུད་ཀྲུང་གོའི་འཛད་སྤྱོད་པར་ཐོན་རྫས་གསར་པ་དང་ཞབས་ཞུ་གསར་པ་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”དབྱི་ཅཱ་ཀྲུང་གོ་ཁུལ་གྱི་ཙུང་ཚའེ་དང་དབུ་བཞུགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དཔོན་གཅིག་ལྕོགས་ཕང་ཨན་ཙེས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བས་ཀུང་སི་མང་པོ་ཞིག་གིས་དེའི་ཁྲོད་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་ཧུར་ཐག་བྱེད་ཀྱི་ཡོད། དབྱི་ཅཱ་ཡིས་ཀྲུང་གོའི་ཁྲོམ་རར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཁྲོམ་ར་དང་འཛད་སྤྱོད་ཀྱི་དགོས་མཁོའི་འགྱུར་ལྡོག་དང་དེ་བས་འཚམ་པར་བྱས་ཏེ་ཀྲུང་གོའི་ཁྲོམ་ར་དང་མཉམ་དུ་འཚར་ལོངས་དང་དར་རྒྱས་ཡོང་བའི་རེ་བ་ཡོད་ཅེས་བརྗོད།
ཕང་ཨན་ཙེ་དེ་སྔ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཐེངས་གཉིས་ཞུགས་མྱོང་ཡོད་པས་དངོས་མང་སྟོན་ཚོགས་ཀྱི་གཞི་ཁྱོན་དང་ས་གནས་ས་ཐོག་གི་དགའ་བསུ་ཐོབ་ཚད་སོགས་ལ་བག་ཆགས་ཟབ་མོ་བྱུང་ཡོད། ཕང་ཨན་ཙེས“ང་རང་འཛད་སྤྱོད་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པར་ཧ་ཅང་དགའ་པོ་ཡོད། དབྱི་ཅཱ་ཡིས་འཛད་སྤྱོད་པའི་དགོས་མཁོར་བརྟག་ཞིབ་དང་ཐོན་རྫས་གསར་སྤེལ་ལས་དོན་སྤེལ་བའི་ཐད་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད”ཅེས་བརྗོད།
“ཀྲུང་གོས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད” ཕང་ཨན་ཙེས། ཀྲུང་གོར་མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་རིགས་ཁག་གི་འཛད་སྤྱོད་ཁྲོད་རྒྱ་ཁྱབ་ངང་སྤྱད་པར་ཚོང་ལས་གསར་གཏོད་ཀྱི་རྣམ་པ་མངོན་ཡོད། འཛད་སྤྱོད་ལས་རྣམ་གསར་པ་དང་རྣམ་པ་གསར་པ་མགྱོགས་མྱུར་ཐོན་པ་དེས་འཛད་སྤྱོད་པའི་ཟོག་ཉོའི་ཉམས་ལེན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དབྱི་ཅཱ་ཡིས་སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་སུ་གོ་ལ་ཧྲིལ་པོར་ཐོག་མར་བཏོན་པའི་གསར་གཏོད་དངོས་སུ་ལག་ལེན་བསྟར་ཏེ། ནང་འདྲེན་དངོས་མང་སྟོན་ཚོགས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བའི་ཞོར་ཐོན་ཕན་འབྲས་དང་རྒྱུན་ཆད་མེད་པར་རིམ་སྤོར་བྱེད་པའི་ཤུགས་རྐྱེན་ལ་བརྟེན་ནས་འབྱུང་འགྱུར་གྱི་སིལ་ཚོང་ལས་རིགས་ལ་དེ་བས་མང་བའི་གོ་སྐབས་འཚོལ་ཞིབ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།
“ཀྲུང་གོའི་ཁྲོམ་རར་ཞུགས་ནས་ལོ་26སོང་རིང་། ང་ཚོར་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལས་ཕན་པ་ཐོབ་པ་མ་ཟད། ཀྲུང་གོ་མི་དམངས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་རྒྱུན་གཏན་འཚོ་བ་གཏོད་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ལས་ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མཐོང་བྱུང” ཕང་ཨན་ཙེས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་རྒྱ་ཆེར་བཏང་ནས་ཕྱོགས་ཁག་གི་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་ཡོད། ད་ལོ་ཚུན་ཀྲུང་གོས“འཛད་སྤྱོད་སྐུལ་གཏོང་ལོའི”བྱེད་སྒོ་སྤེལ་བ་དང“བློ་བདེའི་འཛད་སྤྱོད་བྱ་སྤྱོད”སོགས་བྱ་སྤྱོད་དང་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བས་དབྱི་ཅཱ་ཡིས་ཀྲུང་གོའི་ཁྲོམ་རར་ཡིད་ཆེས་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་ཡོད། འབྱུང་འགྱུར་དབྱི་ཅཱ་ཡིས་དེ་བས་རང་ས་ཅན་གྱི་བྱ་ཐབས་ཐོག་ནས་ཀྲུང་གོའི་འཛད་སྤྱོད་པར་ཉེ་བཅར་བྱས་ཏེ་ཀྲུང་གོའི་ཁྲོམ་རའི་སྣ་མང་ཅན་གྱི་དགོས་མཁོ་དེ་བས་ལེགས་པ་སྐོང་རྒྱུ་ཡིན་ཞེས་བརྗོད་པ་རེད།