མཚོ་བོད་གཞུང་ལམ།
ཉི་ཟླ་རི་བོ་དར་རྒྱས་ཀྱི་ཕྱོགས་སུ་སྐྱོད་པའི་མྱུར་ལམ།
འདི་ནི་ཉི་ཟླ་རི་བོའི་མཛེས་ལྗོངས་ཡིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།
“ཉི་ཟླ་རི་བོ་ནི་མཚོ་བོད་གཞུང་ལམ་གྱི་སྟོང་སྐོར་རྫོང་ནས་ཆབ་ཆ་བར་གྱི་ལམ་དཀྱིལ་དུ་གནས་པ་དང་། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་90ཙམ་ཡོད། ནུབ་ངོས་སུ་རིག་སྨོན་ཆུ་བོ་ཤང་ཤང་དུ་རྒྱུག་ཅིང་དེ་ག་ནི་མཚོ་བོད་དང་མཚོ་ཁམས་གཞུང་ལམ་གྱི་སྦྲེལ་མཚམས་ཡིན”མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་ཤང་གི་ཉི་ཟླ་རི་བོའི་དྲན་གསོའི་རྡོ་རིང་ཞིག་ཀྲོང་ངེར་བསླངས་འདུག དེ་ནི་ཉི་ཟླ་རི་བོའི་ལམ་སྐྲུན་གྱི་དྲན་གསོའི་རྡོ་རིང་རེད། རྡོ་རིང་དེའི་ངོས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཐོན་ཤོག་བཞི་པས་མཚོ་བོད་གཞུང་ལམ་བསྐྲུན་སྐབས་ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་བརྐོས་ཡོད་པ་རེད།
མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཉི་ཟླ་རི་བོའི་མཛེས་ལྗོངས་ཁུལ་གྱི་འཕེལ་རྒྱས་དང་ཤང་དང་གྲོང་རྡལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ནས། ཡུལ་ཕྱོགས་གཅིག་གི་དཔལ་འབྱོར་དེ་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་པར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
འགྲོ་ལམ་བཏོད་ནས་ཐབས་བཟང་རྙེད།
དཔལ་འབྱོར་འཕེལ་བར་གསོན་ཤུགས་སྦྱིན།
གསར་འགོད་པའི་སྣེ་ཁྲིད་ནས་གནས་དེར་ཡོང་མཁན་སྟོང་སྐོར་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཀྲང་ཧྲེ་ཧྲེང་གིས་རྒྱབ་ངོས་སུ་མཛུབ་མོ་བཙུགས་ཏེ་1950ལོའི་ཟླ་10ཚེས་1ཉིན་བསྐྲུན་ཟིན་པའི་རྒྱལ་ལམ་109ཡི་མ་ལམ་སྐོར་ངོ་སྤྲོད་བྱས་བྱུང་། གཞུང་ལམ་དེས་རྒྱ་བོད་རིག་གནས་སྤེལ་རེས་མཉམ་འདྲེས་དང་། ཞིང་འབྲོག་དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་ལས་འགན་ལྕི་པོ་དང་འགན་འཁྲི་ཕྲག་ཏུ་ཁུར་བ་མ་ཟད། དེ་ནི་ལམ་རྒྱུད་ཀྱི་ཤང་དང་གྲོང་རྡལ་དང་དེ་བཞིན་ཉེ་འགྲམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་འབབ་འཕར་གྱི་དར་རྒྱས་ལམ་བུ་དང་། ཕྱུག་འགྱུར་ལམ་བུ། སེམས་སྦྲེལ་ལམ་བུ་བཅས་སུའང་གྱུར་ཡོད།
མཚོ་བོད་གཞུང་ལམ་བརྒྱུད་སའི་ཉི་ཟླ་རི་བོའི་ས་བབ་མཐོ་ཚད་ལ་སྨི་3520ཟིན་གྱི་ཡོད།
2019ལོའི་ཟླ་12ཚེས་23ཉིན། ཉི་ཟླ་རི་བོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི“AAA”མཛེས་ལྗོངས་ཁུལ་ནས་རྒྱལ་ཁབ་ཀྱི“AAAA”རིམ་པའི་མཛེས་ལྗོངས་ཁུལ་དུ་རིམ་སྤོར་བྱུང་བ་རེད།
མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཉི་ཟླ་རི་བོའི་མཛེས་ལྗོངས་ཁུལ་ལ་གོ་སྐབས་འཕྲད་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་མ་ཐེབས་ནས་དེ་ཉིད་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་པ་དང་། ཡུལ་སྐོར་བ་རྒྱུན་མི་ཆད་པས་ཉེ་འཁོར་གྱི་བཟའ་བཏུང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས། ཟ་ཁང་དང་མགྲོན་ཁང་མང་པོའི་ཚོང་རྒྱུག་པོ་བྱུང་ནས། ཁྱད་ལྡན་ཞིམ་ཟས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན།
ལམ་འགྲམ་ཚོང་ཁང་འཕེལ།
ཕྱུག་འགྱུར་ལམ་བཟང་བཏོད།
རླངས་འཁོར་བཏང་ནས་རི་ལམ་བརྒྱུད་གསར་འགོད་པ་དང་བཅས་པ་མཛེས་ལྗོངས་ཁུལ་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པའི་ཞབས་ཞུ་ཁུལ་གྱི་སྟོང་སྐོར་རྫོང་ཞི་བདེ་ཤང་ཁྲ་ཧན་སུའུ་གྲོང་ཚོར་ལོ་ངོ་30ཙམ་གྱི་ལོ་རྒྱུས་ཡོད་པའི་ཟ་ཁང་སྟེ་སྟོང་སྐོར་རྫོང་གི་རྒན་པོ་ཤེ་ལགས་ཀྱི་རྩིབ་ཤའི་ཟ་ཁང་དུ་འཛུལ་བ་ཡིན། མགྲོན་པོ་སླེབས་པ་མཐོང་འཕྲལ་ལོ་74ཟིན་པའི་སྦྱིན་བདག་ཤེ་ཡུང་ཧྥན་གྱིས་སྤྲོ་སེམས་འཁོལ་པོས་ནང་དུ་བསུས།
ལོ་30ཡི་གོང་། ཤེ་ཡུང་ཧྥན་ནི་གྲོང་ཚོའི་སློབ་ཆུང་གི་རྒྱ་ཡིག་དགེ་རྒན་ཡིན། གྲོང་ཚོའི་ནང་གི་ཡོང་འབབ་གསོག་མཁན་དང་པོ་ཡིན་པའི་ཤེ་ཡུང་ཧྥན་དང་ཀྲང་ཡུས་མིང་བཟའ་ཚོ་གཉིས་ཀྱིས་ཉི་ཟླ་རི་བོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་ཕྱིན་པས་ཚོང་ལས་ཀྱི་གོ་སྐབས་དམ་འཛིན་གྱིས་འཕྲལ་དུ་གྲོང་ཚོའི་ལམ་འགྲམ་དུ་རྩིབ་ཤའི་ཟ་ཁང་བཙུགས།
“རང་རེའི་གྲོང་ཚོས་ཡུལ་སྐོར་བའི་ཡིད་དབང་འགུག་མི་ཐུབ་ག་ལ་སྲིད”ཅེས་ཀྲང་ཡུས་མིང་གིས་ཚལ་འཁྱེར་བཞིན་ཡུལ་སྐོར་བར་སྣེ་ལེན་ཞུས།
“ཟ་ཁང་འདི་ནི་ཅུང་སྐད་གྲགས་ཆེ་བའི་ཟ་ཁང་རྙིང་པ་ཞིག་རེད། ཐེངས་གཅིག་ངས་འདི་གར་ཟ་མ་ཟ་སྐབས་གཟབ་གཟབ་མ་བྱས་པར་དངུལ་སྨར་སྒོར་ཁྲི་ཁ་ཤས་ཟ་ཁང་ནང་ལུས་འདུག དེ་རྗེས་སྦྱིན་བདག་གིས་ཐབས་ཤེས་བཏང་ནས་ང་ལ་འབྲེལ་བ་བྱས་པ་མ་ཟད་ད་དུང་ང་མ་ཡོང་བར་དུ་ཉར་རོགས་ཀྱང་བྱས་བྱུང་། ཁོང་ཚོའི་ཡིད་རྟོན་གྱི་གཉེར་སྐྱོང་རྣམ་འགྱུར་ལས་ལམ་ཞོར་སྐབས་ང་འདི་གར་ཟ་མ་ཟ་རུ་ཡོང་གི་ཡོད”ཅེས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་སྐུ་ཞབས་ལིའུ་ལགས་ཀྱིས་གསར་འགོད་པར་བཤད།
“ད་ཆ་ཉེ་འགྲམ་དུ་རྩིབ་ཤའི་ཟ་ཁང་མང་པོ་བཙུགས་རུང་ང་ཚོའི་ཟ་ཁང་གི་ཚོང་ཡག་ཤོས་རེད། ཡུལ་སྐོར་བ་མང་བའི་དུས་སུ་ཉིན་གཅིག་ལ་ཡོང་འབབ་སྒོར་ཁྲི་2རག་གི་འདུག”ཅེས་ཡོང་འབབ་ཀྱི་སྐོར་གླེང་སྐབས་ཤེ་ཡུང་ཧྥན་གྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན།
མཛེས་སྡུག་ཁྱིམ་གཞིས་བདེ་ཞིང་སྐྱིད།
སྔོན་ཆད་དབེན་པའི་རི་གྲོང་ཆུང་ཆུང་དེ་ཇི་ལྟར་དར་རྒྱས་བྱུང་བ་རེད་དམ་ཞེ་ན།
ཕྱུག་པོ་ཆགས་པར་སྔོན་ལ་ལམ་སྐྲུན་དགོས།
Uདབྱིབས་ཀྱི་ཆུ་ཡུར་གསར་སྐྲུན་དང་། སྣུམ་ནག་ལམ་ངོས་འདིང་བ། འགོག་མེད་བགྲོད་ལམ་སྐྲུན་པ། ཨར་འདམ་ལམ་འདིང་བ་དང་འབྲེལ་ཉི་ནུས་ཀྱི་ལམ་སྒྲོན་བསྒར་བ་སོགས་ལས་ཁྲ་ཧན་སུའུ་གྲོང་ཚོའི་འགྲིམ་འགྲུལ་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ཡོད།
“རང་རེའི་གྲོང་ཚོར་ཉེ་བའི་ལོ་གཉིས་རིང་། ལམ་བུ་ཁོད་སྙོམས་ལ་རྒྱ་ཆེ་བ་དང་ཁོར་ཡུག་ཀྱང་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཡུལ་སྐོར་བ་ཡང་ཇེ་མང་དུ་ཕྱིན་སོང”ཞེས་ཞེ་ཡུང་ཧྥན་གྱིས་འཛུམ་དམུལ་དམུལ་ངང་བཤད།
གཞན་ཡང་། ཁྲ་ཧན་སུའུ་གྲོང་ཚོར་ད་དུང་འཐུང་ཆུའི་བདེ་འཇགས་ལས་གྲྭ་དང་། གློག་དྲ་རིམ་སྤོར་སྒྱུར་བཀོད། ཉི་ནུས་དྲོད་ཁང་སོགས་གྲོང་ཚོའི་དཀར་ཆ་དོད་པའི་མཛེས་འགྱུར་ལས་གྲྭ་གཅིག་སྡུད་ཐོག་ལག་བསྟར་བྱས་ནས་གྲོང་ཚོའི་ལམ་བུ་མཁྲེགས་འགྱུར་དང་། གྲོང་ཚོ་སྔོ་འགྱུར། ཁོར་ཡུག་གཙང་འགྱུར། གྲོང་ཚོ་དཀར་འགྱུར། གྲོང་ཚོའི་རྣམ་པ་མཛེས་འགྱུར་བཅས་ཀྱི“འགྱུར་ལྔའི”ཚད་གཞིར་སླེབས་པ་རེད།
“གྲོང་ཚོ་འཕེལ་རྒྱས་ཡག་པོ་འདི་འདྲ་ཕྱིན་པས། ད་ཆ་ང་ཡང་ཕྱིར་གླ་པ་རྒྱུག་པར་འགྲོ་དགོས་མེད་པར་རང་ཁྱིམ་གྱི་ཐག་ཉེ་ས་ནས་ཡོང་འབབ་གསོག་ཐུབ”ཅེས་ཚོང་ཁང་གི་ལས་མི་ཞིག་གིས་གསར་འགོད་པར་བཤད།
ཁོང་ཚོའི་སྐད་ཆ་དེ་དག་ལས་མཚོ་སྔོན་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན། དེང་སྐབས་གྲོང་མི་ཚོས་རང་ཁྱིམ་གྱི་སྒོ་རྩར་བོགས་དངུལ་ལེན་པ་དང་ཚོང་རྒྱག་གི་ཡོད། དེ་སྔའི“ཞིང་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བ”ནས“མཛེས་ལྗོངས་ལ་བརྟེན་ནས་ཕྱུག་པོ་ཆགས་པའི”བར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།