ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་འཛིན་པ་གྲོང་ཚོ།
ཀུ་ཤུ་ཆུང་ཆུང་ཐོན་ལས་ཆེན་པོར་གྱུར་པའི་གཏམ་རྒྱུད་སྙན་པོ།
འབྲས་ལྡན་སྟོན་གྱི་དུས་སུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་འཛིན་པ་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་སྡོང་པོའི་སྟེང་དུ་དམར་ཐིང་ཐིང་གི་་ཀུ་ཤུས་ཁེངས་ནས་དྲི་ཞིམ་གང་སར་འཐུལ།
འབྲས་བཟང་བྱུང་བས་མི་རྣམས་སྤྲོ་བ་རབ་ཏུ་འཕེལ། འོན་ཀྱང་། 2021ལོའི་གོང་འཛིན་པ་གྲོང་ཚོར་ད་དུང་གྲོང་ཚོ་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་ངོ་དྲག་པ་ཞིག་མེད། ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད། 2021ལོར་སྦེ་པ་གྲོང་རྡལ་གྱིས་དབྱེན་ཐའེ་ཏ་ཧྲན་ཤིང་ཏོག་ལས་རིགས་གསར་སྤེལ་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ། བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སི་བཙུགས་པ་དང་འཛིན་པ་གྲོང་ཚོར་མུའུ་200ཟིན་པའི་ཀུ་ཤུའི་འདེབས་འཛུགས་རྟེན་གཞི་བཙུགས།
ཀུ་ཤུ་བཏབ་ན“ལོ་གསུམ་ལ་འབྲས་བུ་འདོགས་པ་དང་ལོ་ལྔ་ལ་ཐོན་འབབ་ཡག་པོ”ཡོང་གི་ཡོད། འོན་ཀྱང་འཛིན་པ་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་གནས་སྤོས་ས་རྒྱུ་སྒྱུར་བཀོད་དང་། ཚན་རིག་དང་མཐུན་པའི་འདེམས་གསོ། དེང་རབས་ཚད་ལྡན་ཅན་གྱི་འདེབས་འཛུགས་བཅས་བྱས་པ་བརྒྱུད། 2022ལོའི་ཟླ་7པར་བཏབ་པའི་སྡོང་པོར་ལོ་གཅིག་ནང་ཀུ་ཤུའི་འབྲས་བུ་བཏགས་ནས་ཕྱི་རྒྱལ་དུའང་བཙོང་རྒྱུ་བྱུང་ནས། ཡུལ་དེར་སྔོ་ལྗང་གིས་བརྒྱན་པ་མ་ཟད། མི་སེར་ཡང་ཕྱུག་པོར་གྱུར་ཡོད།
འདི་གའི་ཀུ་ཤུ་རྒྱལ་སྤྱིར་བྲིན་ཁ་རྒྱུག་པ།
ད་ལོའི་ཟླ་4ཚེས་10ཉིན། འཛིན་པ་གྲོང་ཚོའི་ཀུ་ཤུ་ཏུན་23.38བླུག་པའི་ཟོག་འཁོར་ཞིག་ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་ནས་ཐོན་ཏེ་སྐྱིད་གྲོང་འགག་སྒོ་བརྒྱུད་བལ་ཡུལ་ལ་བཙོངས་པ་དེ་ལས་བོད་ཀྱི་ཤིང་ཏོག་ཕྱིར་གཏོང་ཐོག་མར་བྱས་པ་མཚོན་ཡོད།
རྒྱལ་སྒོ་ནས་ཕྱིར་གཏོང་བྱས་པའི་ཀུ་ཤུ་ལས་ད་དུང་ལྟ་སྐོར་སློབ་སྦྱོང་ལ་ཡོང་མཁན་མི་ཚོགས་དང་ཕྱི་ཕྱོགས་ལ་ཁྱབ་གདལ་ཧུར་ཐག་གཏོང་མཁན་གྱི་ཚོགས་པ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
“ཉིང་ཁྲི་གྲོང་ཁྱེར་ནི་ང་ཚོ་ཀོང་ཏུང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་བྱ་ཡུལ་ཡིན་པ་དང་ས་མཐོའི་ཀུ་ཤུ་ཡང་ང་ཚོའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་འོས་སྦྱོར་བྱེད་པའི་སྣ་ཁ་ཞིག་རེད། འདི་གའི་ཀུ་ཤུ་ནི་ཞིམ་མངར་ལྡན་ལ་ཆུ་ཡང་འཛོམས་པ་དང་སྤུས་ཀའང་ལེགས་པོ་ཡོད། ང་ཚོས་རྟེན་གཞི་ནས་ཀུ་ཤུ་རྒྱ་མ་ཁྲི་20ཙམ་མངགས་ཉོ་བྱས་པ་ཡིན”ཞེས་ཉིང་ཁྲི་ཧྲེན་ཀུང་ཧུའེ་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེན་ཙི་ལུའོ་ཡིས་བཤད།
བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིན་ཁྲོན་ཆིང་གིས་གསར་འགོད་པར“སྲིད་གཞུང་གིས་ང་ཚོར་བཏོད་པའི་ཐབས་ལམ་བརྒྱུད་ནེ་པ་ལའི་ཁྲོམ་ར་མུ་མཐུད་རྒྱ་སྐྱེད་བཏང་བ་ཕུད། ད་དུང་སིང་ཀ་ཕོར་དང་། ཝེ་ཐེ་ནམ། ཐེ་ལན། ཧིན་རྡུ་ཉི་ཞི་ཡ་བཅས་ཀྱི་མངགས་ཐོ་ཡང་འབྱོར་བྱུང”ཞེས་ངོ་སྤྲོད་བྱས།
འདི་གའི་ཀུ་ཤུར་དེང་རབས་ཀྱི་ཚན་རྩལ་འདུས་པ།
འཛིན་པ་གྲོང་ཚོའི་ཀུ་ཤུ་རྒྱལ་སྤྱིར་བྲིན་ཁ་རྒྱུག་པོ་ཡོད་པའི་རྒྱུ་མཚན་ནི“དེང་རབས་ཀྱི་ཉམས”ལྡན་པའི་ཁོར་ཡུག་ཁྲོད་སྐྱེ་འཚར་བྱུང་བས་རེད།
ལྷགས་པ་ཆེ་དྲགས་ན་ཀུ་ཤུའི་སྡོང་པོ་འཁྱོག་ནས་ཐོན་འབབ་ཉུང་དུ་འགྲོ་སྲིད། སེར་བ་འབབ་ན་ཀུ་ཤུར་རྨ་བཟོ་སྲིད། ཉི་མ་ཚ་དྲགས་ན་ཀུ་ཤུའི་ཁ་དོག་གཅིག་པ་མིན་པས་བྲིན་འཚོང་ལ་སྐྱོན་རྒྱག་པ་སོགས་ཀུ་ཤུའི་སྡོང་པོ་སྐྱེ་འཚར་དང་འབྲས་བུ་འདོགས་པ་དེ་འདེབས་འཛུགས་ཁོར་ཡུག་དང་། གནམ་གཤིས་ཆ་རྐྱེན། ས་རྒྱུའི་གནས་ཚུལ། ནད་དང་གནོད་འབུའི་གནོད་འཚེ་འབྱུང་ཚུལ་བཅས་དང་དེ་མིན་འདེབས་འཛུགས་གཡོག་བྱེད་བྱེད་སྟངས་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད།
རྟེན་གཞིའི་ནང་སྡོང་ཐུང་དབར་ཞེང་ཁ་ཆེ་ཙམ་བཞག་སྟེ་ཚགས་དམ་པོས་བཏབ་ནས“ཁུལ་ཆུང”རེ་རེར་ཕྱེ་ཡོད། འགོག་སྲུང་དྲ་བ“ཁུལ་ཆུང”གི་སྒྲོམ་སྐྱོར་ལ་བཏགས་ཏེ་ཐོག་དང་མཐའ་བཞི་བཏེགས་ཡོད།
“འདི་ནི་བྱེད་ནུས་མང་བའི་དྲ་བའི་ཁང་པ་ཞིག་ཡིན་པས་ལྷགས་པ་ཆེན་པོ་འགོག་ཐུབ་པ་དང་། སེར་བ་ཐད་ཀར་ཀུ་ཤུ་དང་ཀུ་ཤུའི་སྡོང་པོའི་སྟེང་མ་འབབ་པ། ཉི་མའི་ཤུགས་ཆག་ནས་ཐད་ཀར་ཕོག་ཚད་ཆུང་དུ་ཕྱིན་པ། བྱ་བྱིའུ་དང་གནོད་འབུ་འགོག་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། ད་དུང་སྲོལ་རྒྱུན་འདེབས་འཛུགས་བྱེད་སྐབས་འགྱིག་ཤོག་གཡོག་པ་དང་བཤུ་བ་སོགས་ཀྱི་ལས་ཀ་དང་དུས་ཚོད་ཀྱི་མ་གནས་ཉུང་དུ་སོང་ཡོད”ཅེས་འཛིན་པ་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིའི་ལག་རྩལ་པ་ལིའུ་ཁྲོན་ཧའེ་ཡིས་བཤད།
དེང་རབས་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱས་པ་བརྒྱུད་མིག་སྔར་རྟེན་གཞིའི་ཀུ་ཤུ་མུའུ་རེའི་ཐོན་འབབ་རྒྱ་མ་5000ཡས་མས་ཟིན་པ་དང་སང་ལོ་ཀུ་ཤུ་སྨིན་རྗེས་མུའུ་རེའི་ཐོན་འབབ་རྒྱ་མ་8000ཟིན་རྒྱུ་རེད།
འདི་གའི་ཀུ་ཤུར་ཕ་ཡུལ་གྱི་བྲོ་བ་ལྡན་པ།
ལིན་ཁྲོན་ཆིང་གིས“ང་ཚོས་སྣ་ཁ་བཅུ་ལྷག་ཙམ་གྱི་ཁྲོད་ནས‘ཤང་ཧྥུའུ’དང‘གནམ་ལྕགས’སོགས་བོད་ལ་འདེབས་རྒྱུར་འཚམ་ཤོས་ཀྱི་སྣ་ཁ་བདམས་ནས་བཏབ་ཡོད། ནེ་པ་ལར་ཕྱིར་གཏོང་བྱས་པའི་ཀུ་ཤུའི་ནང‘གནམ་ལྕགས’ཡོད”ཅེས་བཤད།
རྒྱལ་སྤྱིར་བྲིན་ཁ་རྒྱུག་པའི་ཀུ་ཤུར“གནམ་ལྕགས”ཞེས་པའི་ཕ་ཡུལ་གྱི་བྲོ་བ་ལྡན་པའི་མིང་ཞིག་ཡོད་པ་དང་དེ་ནི་རི་བོ་གནམ་ལྕགས་འབར་བའི་མིང་ཀུ་ཤུར་བཏགས་པ་ཞིག་རེད།
2023ལོར་རྟེན་གཞིས་འཛིན་པ་གྲོང་ཚོར་ས་ཆ་མུའུ་600བསྡུ་སྒྲིལ་བྱས་ཏེ་དུས་ཐེངས་གཉིས་པའི་རྣམ་གྲངས་ལ་བརྩིས་ནས་གཙོ་གནད་འདེམས་གསོ་བྱས་པའི་སྣ་ཁ་ཁག་གཅིག་གཞི་ཁྱོན་ཆེན་པོས་བཏབ།
འཛིན་པ་གྲོང་ཚོའི་གྲོང་མི་དབྱངས་སྐྱིད་ཀྱིས“འདི་གར་ལས་ཀ་བྱས་ནས་ཧ་ལམ་ལོ་གཅིག་ཙམ་འགྲོ་ཉེར་ཡོད། ངས་ཡལ་བཞུར་རྒྱག་སྟངས་དང་ཡལ་ག་ཁ་ཕྲལ་སྟངས་ཚང་མ་ཤེས་པ་མ་ཟད། ད་དུང་ཆུ་ལུད་གཞི་གཅིག་ཅན་གྱི་འདྲེན་གཏོང་མ་ལག་བཀོལ་སྤྱོད་བྱེད་སྟངས་ཀྱང་སྦྱངས་པ་ཡིན། ཉིན་རེར་གླ་ཆ་སྒོར་220ཡོད། ང་དང་ཡུལ་མི་གཞན་15ལ་ཟླ་རེར་ཆ་སྙོམས་སྒོར་6000ཙམ་རག་གི་འདུག”ཅེས་བཤད།
སྦེ་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཛིན་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ནས་མང་པོ་ཞིག་ཉིང་ཁྲི་ས་སྐྱིད་པོ་ལས་གཉེར་ཚད་ཡོད་ཀུང་སི་ནས་ཡོང་གི་ཡོད་པ་རེད། “ང་ཚོའི་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་12ཀྱིས་མཉམ་འབྲེལ་ཐོག་བཙུགས་པའི་ཉིང་ཁྲིའི་ས་སྐྱིད་པོ་ལས་གཉེར་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིས་གན་རྒྱ་བཞག་ནས་ཁེ་ཕན་འབྲེལ་བའི་ལམ་སྲོལ་བཙུགས་ཡོད། ཧྲང་ཁྲེང་ཀུང་སིས་ལོ་ལྟར་གྲོས་མཐུན་ལྟར་ས་སྐྱིད་པོ་ཀུང་སིར་བགོ་འགྲེམས་རྒྱག་པ་དང་དེ་ནས་ས་སྐྱིད་པོ་ཀུང་སིས་ལོ་འཁོར་མོའི་ཕྱོགས་བསྡུས་ཡོང་འབབ་ལ་གཞིགས་ནས་གཏན་འཁེལ་བྱས་པའི་ཚད་གཞི་ལྟར་གྲོང་ཚོ་12ལ་བགོ་འགྲེམས་རྒྱག་གི་ཡོད”ཅེས་བཤད།
“ས་སྐྱིད་པོ་ཀུང་སིའི་ལོ་འཁོར་མོའི་ཕྱོགས་བསྡུས་ཡོང་འབབ་ནང་ཀུང་སིའི་འཁོར་རྒྱུག་མ་དངུལ་གྱིས་30%བཟུང་བ་དང་། རྣམ་གྲངས་དོན་འཁྱོལ་བྱས་རྗེས་གྲོང་ཚོའི་བགོ་འགྲེམས་ཀྱིས10%བཟུང་བ། 24%ཆ་སྙོམས་གྲོང་ཚོ་12ལ་བགོ་བ། ད་དུང་36%ནི་སྐུལ་ལྕག་གཏོང་བའི་བགོ་འགྲེམས་ལ་བརྩི་ཡི་ཡོད”“སྐུལ་ལྕག་གཏོང་བའི་བགོ་འགྲེམས་ཕུད་འཛིན་པ་གྲོང་ཚོར་ད་ལོ་བགོ་འགྲེམས་12%རག་ཡོད། ཧྲང་ཁྲེང་ཀུང་སིས་ད་དུང་ས་ཞིང་ནང་བཤུག་བཏང་བའི་བོགས་དངུལ་སྒོར་ཁྲི་70ཙམ་གྲོང་ཚོའི་མཉམ་སྡེབ་ལ་ཐད་ཀར་སྤྲོད་རྒྱུ་དང་ལས་བཟོའི་གླ་ཆ་ཟླ་རེར་གྲོང་མིར་གཙང་རྩིས་རྒྱག་རྒྱུ་རེད”ཅེས་བསོད་ནམས་བཀྲ་ཤིས་ཀྱིས་གསར་འགོད་པར་ཡོང་འབབ་ཇི་ལྟར་ཡོང་མིན་རྩིས་རྒྱག་བཞིན་དུ་དེ་ལྟར་བཤད།
“ད་ལོ་འཛིན་པ་གྲོང་ཚོའི་ཡུལ་མིར་ངལ་རྩོལ་གླ་ཆ་སྒོར་ཁྲི་100ལྷག་ཙམ་ཡོད”ཟླ་མཇུག་ཏུ་ནུས་པ་མང་བའི་དྲ་བའི་ཁང་པ་བསྐྲུན་རྒྱུའི་དུས་ཐེངས་གཉིས་པའི་རྣམ་གྲངས་ལེགས་སྒྲུབ་ཡོང་བཟོ་ཡོད་པ་མཐོང་སྐབས་ལིན་ཁྲོན་ཆིང་གིས“རྒྱ་ཆེ་རུ་ཕྱིན་རྗེས་ང་ཚོས་ད་དུང་འཛིན་པ་གྲོང་ཚོའི་གཏན་འཇགས་ལས་མིའི་མི་གྲངས་མང་དུ་གཏོང་གི་ཡིན་པས་དེ་དུས་འདི་གར་གླ་པར་ཡོང་མཁན་ཡུལ་མི་30ཙམ་བར་མང་དུ་འགྲོ་རྒྱུ་རེད”ཅེས་བཤད།
བསོད་ནམས་བཀྲ་ཤིས་ཀྱིས་སྐད་ཆ་དེ་ཐོས་རྗེས་འཛུམ་དམུལ་དམུལ་ངང་གསར་འགོད་པར“ལིན་ཁྲོན་ཆིང་ནི་ད་ཆ་འཛིན་པ་གྲོང་ཚོའི‘མཚན་འཛིན་ཚོན་ཀྲང’ཡིན་པ་མ་ཟད། ད་དུང་སྦེ་པ་གྲོང་རྡལ་གྱི་ཚོགས་སྒྲིག་འཕེལ་རྒྱས་ཀྱི་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཁོངས་གཏོགས་ཀྱི་ཞིང་འབྲོག་ཐོན་ལས་ཏང་ཀྲི་པུའུ་ཡི་ཐོན་ལས་བློ་འདྲི་བ་ཞིག་ཀྱང་ཡིན་པས་སྔ་ཕྱི་བར་གསུམ་དུ་ང་ཚོའི་གྲོང་རྡལ་གྱི་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཐད་ཐབས་དང་ཇུས་འདོན་བཞིན་ཡོད”ཅེས་བཤད།