དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.7ཟིན་པ།

    གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-06

    གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱ་མཚོའི་དཔལ་འབྱོར་ལ་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད། ཞིབ་རྩིས་རགས་ཙམ་བརྒྱབ་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.7ཟིན་པ་དེ་དུས་མཚུངས་ལས་5.4%འཕར་ཡོད་པ་རེད།

    རྒྱ་མཚོའི་ཐོན་ཁུངས་ཀྱི་གཞི་རྒྱུ་གཙོ་བོའི་འགན་སྲུང་ནུས་པ་ཆེ་རུ་བརྟན་པོ་ཕྱིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སུ་མཚོ་སྤྱོད་རྒྱ་ཁྱོན་ལ་ཆོག་མཆན་སྤྲད་པ་དེ་དུས་མཚུངས་ལས་6.7%འཕར་བ་དང་། རྣམ་གྲངས་དང་འབྲེལ་བ་ཡོད་པའི་མ་འཇོག་དངུལ་གྲངས་སྒོར་དུང་ཕྱུར་7400ལྷག་ཙམ་ཟིན་ཡོད། རྒྱ་མཚོའི་ནུས་རྒྱུ་ཐོན་སྐྱེད་བརྟན་པོ་འཕར་ནས་རྒྱ་མཚོའི་མ་བཅོས་རྡོ་སྣུམ་དང་། རང་བྱུང་སོལ་རླངས་ཀྱི་ཐོན་ཚད་དུས་མཚུངས་ལས་5.9%དང་8.8%སོ་སོར་འཕར་བ་དང་། མཚོ་ཐོག་རླུང་གློག་གི་གློག་གཏོང་ཚད་དུས་མཚུངས་ལས་29.5%འཕར་ཡོད། “ རྒྱ་མཚོའི་འབྲུ་མཛོད”ཀྱི་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ནས་རྒྱལ་ནང་གི་རྒྱ་མཚོའི་ཆུའི་ཐོན་རྫས་ཀྱི་ཐོན་འབབ་དུས་མཚུངས་ལས་4%ལྷག་ཙམ་འཕར་ཡོད་པ་རེད།

    རྒྱ་མཚོའི་སྲོལ་རྒྱུན་ཐོན་ལས་གཙོ་བོ་བརྟན་ཐོག་ལེགས་འཕེལ་བྱུང་ཡོད། རྒྱ་མཚོའི་གྲུ་གཟིངས་བཟོ་ལས་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་མཚོ་གྲུའི་མངགས་ཐོ་གསར་པ་དང་། གྲུ་གཟིངས་བཟོས་ཟིན་པ། ལག་ཡོད་མངགས་ཐོ་བཅས་ཀྱི་གྲངས་འབོར་དུས་མཚུངས་ལས་45%དང་། 31% 31%བཅས་སོ་སོར་འཕར་ཞིང་། གྲུ་བཟོའི་དམིགས་ཚད་ཆེན་པོ་གསུམ་གྱི་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་རྒྱུན་མཐུད་སྔོན་ལ་སླེབས་ཡོད་པ་རེད།

    རྒྱ་མཚོའི་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད། རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལེགས་འཕེལ་གྱི་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ནས་རྒྱ་མཚོའི་བཟོ་ལས་ཀྱི་མངགས་ཐོ་གསར་པའི་དངུལ་གྲངས་དང་། ལག་ཡོད་མངགས་ཐོའི་དངུལ་གྲངས་དུས་མཚུངས་ལས་167.0%དང་17.8%སོ་སོར་འཕར་ཡོད། རྒྱ་མཚོའི་སྨན་རྫས་དང་སྐྱེ་དངོས་ཐོན་རྫས་ལས་རིགས་ཞིབ་འཇུག་གསར་སྤེལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། མཚོ་ཆུ་ཚྭ་མེད་དུ་བསྒྱུར་རྒྱུ་འཕེལ་རྒྱས་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་ཧྲན་ཏུང་ཏུང་ཡིང་གྲུ་ཁའི་ཉིན་རེར་ཏུན་ཁྲི་5ཟིན་པའི་མཚོ་ཆུ་ཚྭ་མེད་དུ་བསྒྱུར་བའི་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། རྒྱ་མཚོའི་བསྐྱར་སྐྱེས་ནུས་རྒྱུའི་ལག་རྩལ་གསར་གཏོད་ལ་ཚད་བརྒལ་གསར་པ་བྱུང་ནས་ཀྲའོ་ཝ་རིམ་པའི་མཚོ་རླབས་གློག་གཏོང་འཕྲུལ་ཚན“འབད་འབབ་རྟགས་ཅན”གྱིས་རིམ་རྩིས་བརྒྱབ་ན་དྲ་སྦྲེལ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་ཁྲི་410ལྷག་ཙམ་ཟིན་ཞིང་། བཟོ་ལས་རིམ་པའི་མཚོ་ཐོག་རླུང་གློག་ཆིང་བཟོའི་དཔེ་སྟོན་རྣམ་གྲངས་ཀྱིས་ཀོང་ཏུང་ཀྲུའུ་ཧའེ་རུ་ལེགས་གྲུབ་ལྡན་པའི་ངང་ཆིང་ཐོན་སྐྱེད་བརྟན་པོ་བྱེད་བཞིན་ཡོད་པ་རེད།

    མཚོ་འབྲེལ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད། གཙོ་གནད་བརྟག་ཞིབ་བྱས་པའི་ཁེ་ལས་900ལྷག་ཙམ་ནང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁེ་ལས་བཅུ་ཆ་བརྒྱད་ཙམ་གྱི་ཆ་སྙོམས་ལས་མི་སྤྱོད་ཚད་དུས་མཚུངས་ལས་བརྟན་པོ་རྒྱུན་འཁྱོངས་ཐུབ་པའམ་ཡང་ན་འཕར་ཏེ། ལོ་སྟོད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་བྱུང་ཡོད། རྒྱ་མཚོའི་གསར་དར་ཐོན་ལས་ཁེ་ལས་200ལྷག་ཙམ་ནང་། སྔོན་དཔག་བྱས་ན་ཁེ་ལས་བཅུ་ཆ་བརྒྱད་ཙམ་གྱི་ལོ་ཧྲིལ་པོའི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་བརྟན་པོ་རྒྱུན་འཁྱོངས་ཐུབ་པའམ་ཡང་ན་འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།