ཆུ་ཤུར་རྫོང་གིས་ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་འཆད་སྟེགས་ཆེན་པོའི་བྱེད་སྒོ་སྤེལ་བ།
ཉེ་ཆར་ཆུ་ཤུར་རྫོང་ཨུད་རྩ་འཛུགས་པུའུ་དང་ཅང་སུའུ་ཐའེ་ཀྲོའུ་ཡི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་འཆད་སྟེགས་ཆེན་པོ་དང་བོད་སྐྱོར་ལས་བྱེད་པའི“ཟླ་རེར་འཆད་ཁྲིད་ཐེངས་རེ་བྱེད་པའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ཅང་སུའུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་བོད་སྐྱོར་ལས་བྱེད་པ་དང་། ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་གཞོན་པ། སྤྱི་ཁྱབ་འཆར་འགོད་པ། མཐོ་རིམ་གྲོང་ཁྱེར་འཆར་འགོད་པ། ཐོ་འགོད་གྲོང་ཁྱེར་འཆར་འགོད་པ་བཅས་ཡིན་པའི་ཝང་ཤིང་ཧའེ་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད། ཤང(གྲོང་རྡལ)ཁག་དང་། འཕེལ་སྒྱུར་ཨུ་ལྷན། རིག་གནས་དང་ཡུལ་སྐོར་ཅུས། ཞིང་ལས་གྲོང་གསེབ་དང་ཆུ་བེད་ཅུས། རང་བྱུང་ཐོན་ཁུངས་ཅུས། ནགས་ལས་དང་རྩྭ་ཐང་ཅུས། སྐྱེ་ཁམས་ཁོར་ཡུག་ཅུས་ཆུ་ཤུར་རྫོང་ཡན་ལག་ཅུས། སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་ཅུས་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་བགོས་འགན་གཉེར་རམ་ཡང་ན་ཞིབ་ཕྲའི་ལས་དོན་པ་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། ཝང་ཤིང་ཧའེ་ཡིས“སྐྱེ་ཁམས་ཤེས་དཔལ་རྨང་གཞིར་བྱས་པའི་བར་མཐོངས་བཅོས་སྐྱོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་གཙོ་གནད་ཐོག་སྐྱེ་ཁམས་ཤེས་དཔལ་མཛུབ་ཁྲིད་དུ་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་། རྒྱལ་ཁོངས་བར་མཐོངས་འཆར་འགོད་མ་ལག་ལ་བརྟེན་ནས་དེང་རབས་ཅན་གྱི་བར་མཐོངས་བཅོས་སྐྱོང་མ་ལག་འཛུགས་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བཅས་ཕྱོགས་གསུམ་གྱི་ཐད་ནས་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་སྤེལ་རེས་གཏིང་ཟབ་བྱས་ཤིང་། རྒྱལ་ཁོངས་བར་མཐོངས་འཆར་འགོད་ཀྱི་སྤྱིའི་སྒྲོམ་གཞི་དང་། འཆར་འགོད་ལག་བསྟར། བར་མཐོངས་བཅོས་སྐྱོང་གི་བྱེད་པོ་དང་། བྱ་ཡུལ། བྱ་ཐབས། དམིགས་ཚད། ཇི་ལྟར་བྱས་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་ལྷ་ས་གྲོང་ཁྱེར་དང་ཆུ་ཤུར་རྫོང་གི་འཆར་འགོད་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་འགྲེལ་བཤད་བརྒྱབ་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ནང་གཅིག་སྡུད་སློབ་སྦྱོང་དང་ས་གནས་ས་ཐོག་ཏུ་ལན་འདེབས་པ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གསོ་སྦྱོང་མི་སྣའི་ཆེད་ལས་ཆུ་ཚད་མཐོ་རུ་དང་དངོས་སྦྱོང་ནུས་པ་ཆེ་རུ་བཏང་ཡོད། ཚོགས་ཞུགས་མི་སྣས་ད་ཐེངས་ཀྱི་འཆད་སྟེགས་ཆེན་པོར་སྲིད་ཇུས་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེ་བས་ལས་དོན་སྤེལ་བར་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།