དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོད་ལུང་བདེ་ཆེན་ཆུས་ཀྱིས་འགྲོ་བདེའི་ཁོར་ཡུག་འཛུགས་སྐྲུན་དང་དབང་པོ་སྐྱོན་ཅན་གྱི་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་བཏང་བ།

    ​གཅེས་སེམས་བཅངས་ནས་རེ་བའི་འོད་སྣང་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-06

    འདི་ལོ་ལོ་12ལ་སླེབས་པའི་བསྟན་འཛིན་ཆོས་སྒྲོན་ནི་ཀླད་པའི་འབྲས་སྐྲན་ཕོག་ནས་མིག་ཤེད་ཉམས་པའི་བུ་མོ་ཆུང་ཆུང་ཞིག་རེད། ཁོང་གི་ཨ་མ་བདེ་ཆེན་པད་མས་ལྟ་རྟོག་ཚད་མེད་གནང་བ་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱམས་བརྩེའི་ཐུགས་ཁུར་བྱས་པར་བརྟེན་བསྟན་འཛིན་ཆོས་སྒྲོན་ནད་ཀྱིས་མནར་རུང་དཔའ་མི་ཞུམ་པར། སྔར་རྒྱུན་བཞིན་འཚོ་བར་སྤྲོ་སྣང་གིས་ཁེངས་བཞིན་རང་ཉིད་ཀྱི་མི་ཚེའི་ལམ་བུར་འོད་སྣང་འཕྲོ་བར་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་སྟོད་ལུང་བདེ་ཆེན་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་ཡག་ཏུ་གཏོང་བ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་འགྲོ་བདེའི་ཁོར་ཡུག་འཛུགས་སྐྲུན་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    2023ལོར་སྟོད་ལུང་བདེ་ཆེན་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུད་ཚང་རེར་སྒོར་ཁྲི་3.5ཡི་ཚད་གཞི་ལྟར་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་10ལ་ཕྱོགས་ཡོངས་ནས་འགྲོ་བདེའི་སྒྲིག་ཆས་བསྒར་ཏེ་ཁྱིམ་གྱི་འཛུལ་སྒོ་དང་གསང་སྤྱོད་སོགས་ཚུད་པའི་གཙོ་གནད་ཁུལ་སྒྱུར་བཀོད་བྱས་པ་དེས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁོར་ཡུག་སྔར་བས་སྐྱིད་སྣང་དོད་དུ་ཕྱིན་ནས་ཁོང་ཚོའི་འཚོ་བའི་མཐུན་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ཡོད།

    བསྟན་འཛིན་ཆོས་སྒྲོན་གྱི་ཁྱིམ་ཚང་ནི་རྣམ་གྲངས་དེའི་ཁྲོད་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། སྒྱུར་བཀོད་བྱས་རྗེས་ཀྱི་ཐབ་ཚང་དང་། སྒོ་ར། གསང་སྤྱོད་བཅས་དེ་བས་གུ་ཡངས་ཤིང་བདེ་འཇགས་ལྡན་པར་གྱུར་ཏེ་ཞིབ་ཚགས་པའི་ཇུས་འགོད་ལས་བུ་མོ་དེའི་རྒྱུན་གཏན་གྱི་འཚོ་བར་སྟབས་བདེ་བྱུང་ནས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སྐྱོང་དང་དོ་ཁུར་ཚོར་ཐུབ་པ་བྱུང་ཡོད།

    འདི་ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་འགྲོ་བདེའི་སྒྱུར་བཀོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་སྒྱུར་བཀོད་ཀྱི་ལས་དོན་དེ་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་སྒོ་དང་གསང་སྤྱོད་སོགས་འགག་རྩའི་སྒྲིག་བཀོད་ཀྱི་འགྲོ་བདེར་དམིགས་ནས་སྒྱུར་བཀོད་རྣམ་གྲངས་ལ་དམ་འཛིན་དང་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་སྒྱུར་བཀོད་ལས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་35ལ་ཕན་པ་ཐོབ་ཅིང་། སྒྱུར་བཀོད་རབ་དང་རིམ་པ་བྱས་པ་དེས་དབང་པོ་སྐྱོན་ཅན་གྱི་འཚོ་བར་སྟབས་བདེ་བྱུང་བ་མ་ཟད། སྤྱི་ཚོགས་ཀྱིས་ཁོང་ཚོར་ཐུགས་ཁུར་དང་བརྩི་འཇོག་བྱེད་ལུགས་ཀྱང་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྟོད་ལུང་བདེ་ཆེན་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“མི་རྩ་བར་འཛིན་པ་དང་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་བྱེད་པའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དབང་པོ་སྐྱོན་ཅན་ལ་འཚམས་འདྲི་བྱེད་པ་དང་། ཁ་གསབ་སྤྲོད་པ། ལས་ཞུགས་རོགས་སྐྱོར། བྱིས་པའི་བདེ་ཐང་སླར་གསོ། དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་བརྗེ་བ། འགྲོ་བདེའི་སྒྱུར་བཀོད་སོགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་ཟམ་མི་ཆད་པར་ཡག་ཏུ་ཕྱིན་པ་དང་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་དོ་ཁུར་དང་བསྟུན་མཁས་བྱེད་ཚད་ཀྱང་ཆེ་རུ་ཕྱིན་ཏེ། བསྟན་འཛིན་ཆོས་སྒྲོན་དང་འདྲ་བའི་དབང་པོ་སྐྱོན་ཅན་ལ་སྤུས་ལེགས་ཀྱི་བདེ་ཐང་སླར་གསོའི་ཞབས་ཞུ་དང་འཚོ་བའི་འགན་ལེན་བྱུང་ནས་ཁོང་ཚོས་སྤྱི་ཚོགས་ཀྱི་དྲོ་སྐྱིད་དང་གཅེས་སྐྱོང་ཟབ་མོ་ཚོར་ཐུབ་པ་བྱུང་ཡོད།

    སྟོད་ལུང་བདེ་ཆེན་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། “བསྟན་འཛིན་ཆོས་སྒྲོན་ནི་སྡུག་རུས་ཆེ་ཞིང་སྤྲོ་སྣང་ལྡན་པའི་ལོ་ཆུང་བུ་མོ་ཞིག་རེད། ཁོང་གི་མི་ཚེའི་མྱོང་བ་ལས་འགྲོ་བདེའི་ཁོར་ཡུག་འཛུགས་སྐྲུན་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོབ་བྱེད་པའི་ལས་དོན་གྱི་དོན་སྙིང་དང་རིན་ཐང་ལ་འཛིན་པའི་ང་ཚོའི་ངོས་འཛིན་ཟབ་ཏུ་ཕྱིན་སོང་། ང་ཚོས་འབད་བརྩོན་ལྷོད་མེད་བྱས་ཏེ་བསྟན་འཛིན་ཆོས་སྒྲོན་དང་འདྲ་བའི་དབང་པོ་སྐྱོན་ཅན་སྔར་ལས་མང་བར་དེ་བས་མཛེས་སྡུག་ལྡན་པའི་འགྲོ་བདེའི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན ”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།