ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་འཚོགས་ནས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ།
ཚེས་4ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་འཚོགས་ནས། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་སྒྱུར་བཅོས་ལས་དོན་གྱི་སྤྱི་ཡོངས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ། ཐམས་ཅད་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། ཚན་རིག་དང་མཐུན་པའི་བྱ་ཐབས་མཐའ་འཁྱོངས་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་ནི་གཟིགས་རྒྱང་རིང་བ་དང་། དགོངས་དོན་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ལས་བྱེད་པ་དང་། ལྷག་པར་དུ། འགོ་ཁྲིད་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་སྒྱུར་བཅོས་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ཤེས་རྟོགས་གཏིང་ཟབ་བྱས་ནས་སྒྱུར་བཅོས་ཀྱི་གདེང་ཚོད་དེ་བས་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་དང་། གསར་བརྗེའི་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེར་ཕྱོགས་སྡོམ་གཏིང་ཟབ་གནང་བ་དེ་ལག་ལེན་གྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ལས་གཅིག་སྡུད་ཐོག་མངོན་ཡོད། དེ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ཆེས་བརྗིད་ཆེའི་ལེའུ་ཞིག་ཡིན་པས། ང་ཚོས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་དང་། གསར་བརྗེའི་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་གྲུབ་འབྲས་རླབས་པོ་ཆེར་ཤེས་རྟོགས་གཏིང་ཟབ་དང་སྒྱུར་བཅོས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་བཏང་སྟེ་སེམས་ནུས་གཅིག་སྒྲིལ་གྱིས་སྒྱུར་བཅོས་བརྟན་བགྲོད་རྒྱང་འཁྱོལ་དེ་བས་ལེགས་པོ་ཡོང་བར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ཀྱི་བསམ་བློ་དང་བྱེད་ཐབས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་སྒྱུར་བཅོས་ཀྱི་རྩ་དོན་སྔར་བས་མཐའ་འཁྱོངས་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་ཀྱི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་སོགས་བྱས་ཏེ། གཞུང་འཁྱོངས་བྱེད་པ་ནི་སྲོག་རྩ་སྲུང་བ་དང་གསར་འབྱེད་བྱེད་པ་ནི་འབྱུང་འགྱུར་གཏོད་པ་ཞིག་ཡིན་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། གཞུང་འཁྱོངས་གསར་འབྱེད་ཀྱི་སྒྱུར་བཅོས་བསམ་བློ་དང་བྱེད་ཐབས་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པ། གཞུང་འཁྱོངས་ལ་བརྟེན་ནས་གསར་འབྱེད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་པ། རྒྱུན་མཐུད་གསར་འབྱེད་ལ་བརྟེན་ནས་གཞུང་འཁྱོངས་དེ་བས་ལེགས་པོ་བྱེད་པ། རྒྱུན་འཇགས་ཀྱི་བསམ་བློ་གཏོང་སྟངས་དང་ཐབས་ལམ་ལ་བརྟེན་དྲག་པའི་རྣམ་པ་ལས་སྒྲོལ་ཕོད་པ། སྒྱུར་བཅོས་བྱེད་དགོས་རིགས་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ་དང་སྒྱུར་བཅོས་བྱེད་མི་དགོས་པའི་རིགས་སྒྱུར་བཅོས་མི་བྱེད་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། སྒྱུར་བཅོས་ཀྱི་བརྟག་ཐབས་སྨྲ་བ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱས་ནས་སྒྱུར་བཅོས་ཀྱི་ཆོས་ཉིད་ལ་སྔར་བས་བརྩི་སྲུང་ཞུ་དགོས། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ་སྒྱུར་བཅོས་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས། གཏོར་འཛུགས་ཀྱི་རྩོད་སྒྲུབ་གཅིག་གྱུར་མཐའ་འཁྱོངས། སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས། བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། སྒྱུར་བཅོས་ཀྱི་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱོད་མཁས་པོ་བྱེད་པ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། རྩེ་རིམ་ཇུས་འགོད་དང“ཆུ་བརྒལ་རྡོ་མྱུལ”ཟུང་འབྲེལ་བྱེད་མཁས་པོ་བྱེད་པ། འགན་འཁྲི་འཁུར་སེམས་ཆེན་པོས“ཐོག་མའི་སྤྱི་ལེ་གཅིག”ཇུས་འགོད་དང“མཐའ་མའི་སྤྱི་ལེ་གཅིག”དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྤྱི་འདོམས་བྱེད་མཁས་པོ་བྱེད་པ། འགལ་བ་དང་གནད་དོན་ལ་ཁ་གཏད་གཅོག་པར་མི་གཡོལ་བ་དང་། གནད་དོན་ངན་རེངས་སེལ་བར་ཐེ་ཚོམ་མི་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པར་ཕྱིར་བཤོལ་མི་བྱེད་པ་བཅས་ཀྱི་སྒྱུར་བཅོས་ཀྱི་བློ་སྟོབས་ལ་བརྟེན་པ། དོན་འཁྱོལ་ལ་མཐའ་གཅིག་ཏུ་དམ་འཛིན་བཅས་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་ཧུར་ཐག་གཏོད་དགོས། སྒྱུར་བཅོས་ཀྱི་རྣམ་པ་བཟང་པོ་ཇི་ལྟར་གཏོད་སྟངས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་སྒྱུར་བཅོས་ཀྱི་གོང་བུ་སྒྲིལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ལྟེ་བར་དམིགས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱེད་པ། སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་བྱེད་པ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་ཧུར་ཐག་བཅས་བྱས་ཏེ། ལྗོངས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་གི་སྒྱུར་བཅོས་ཟབ་ཏུ་གཏོང་བར་དམིགས་ནས་བརྟན་ལྷིང་སྲུང་སྐྱོང་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དོན་འཁྱོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་དམིགས་ཏེ་བློ་བརྟན་འགྱུར་མེད་ངང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་མིག་སྔའི་གསོན་ཤུགས་དང་འབྱུང་འགྱུར་གྱི་མི་མངོན་པའི་སྟོབས་ཤུགས་ལ་འགན་ལེན་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་གཏོང་གི་སྒྱུར་བཅོས་ཟབ་ཏུ་གཏོང་བར་དམིགས་ནས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་། སྲུང་སྐྱོང་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འཕེལ་རྒྱས་ཁྲོད་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐུབ་པ་བྱེད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་རྒྱག་དགོས། མཐའ་སྟོབས་མཐའ་བརྟན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་དམིགས་ནས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་སྟོབས་མཐའ་བརྟན་གྱི་ལམ་སྲོལ་འཛུགས་པ་དང་། དམངས་འཚོ་ལེགས་སུ་ཤུགས་ཆེན་གཏོང་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཏོད་དེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་འགན་འཁྲི་ཁ་གསལ་དང་། འཁོར་འབྲེལ་འཐུས་ཚང་། གཅིག་ལ་གཅིག་སྦྲེལ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་ཕན་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་སྒྱུར་བཅོས་ལ་ཞིབ་བཤེར་བྱེད་དགོས། ཇུས་འགོད་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་། གཞུང་འཁྱོངས་གསར་འབྱེད་བྱེད་མཁས་པོ་བྱེད་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ལས་བྱེད་པ་དང་། ལྷག་པར་དུ། འགོ་ཁྲིད་ལས་བྱེད་པས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་སྟངས་འཛིན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། སློབ་སྦྱོང་གི་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཁྲིམས་ལྟར་བྱ་བ་སྒྲུབ་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤེས་ལྡན་པའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ། ཉམས་མྱོང་ཕྱོགས་སྡོམ། གྲུབ་འབྲས་བརྟན་གཏོང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། གནད་སྨིན་ཇུས་བསྟར། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།